ཕྱི་ལོ་ ༢༠༢༦ ཟླ ༢ ཚེས་ ༥ ཉིན་བོད་ལྗོངས་ལྷ་རི་རྫོང་དུ་གཞུང་འབྲེལ་ཐོག་ནས་བོད་ལོ་གསར་བ་ཚེས་སྐབས་རྒྱ་ནག་གཞུང་གི་ལས་བྱེད་བོད་པ་ཚོར་རང་གི་ནང་མི་མཉམ་དུ་དགོན་པའི་ནང་མཆོད་མཇལ་འགྲོ་མི་ཆོག་པའི་བཀག་བཏང་འདུག

འབྲེལ་ཡོད་བརྒྱུད་ནས་གནས་ཚུལ་རྒྱུས་ལོན་བྱས་པ་ལྟར་ན། རྒྱ་གཞུང་གིས་དུས་རབས་གསར་པའི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་ཟེར་བའི་ནང་དུ། གཞུང་ཞབས་ནས་ཆོས་ལུགས་ལ་དད་མོས་བྱེད་མི་ཆོག་པ་དང་། བླ་མ་ལ་དད་པ་བྱེད་མི་ཆོག་པ། དེ་བཞིན་ཆོས་ལུགས་ཀྱི་བྱེད་སྒོ་དང་། མི་རིགས་ཁ་བྲལ་གྱི་བྱེད་སྒོ་རིགས་ལ་རྒྱབ་སྐྱོར་དེ་བས་བྱ་མི་རུང་ཟེར་བའི་སློབ་གསོ་བརྒྱབ་ཡོད་འདུག
ཆོས་ལུགས་ལ་དད་པ་བྱེད་མཁན་གཞུང་ཞབས་ལ་བསམ་བློའི་སློབ་གསོ་ཟེར་བ་བརྒྱབ་ནས་དུས་བཀག་ནང་ཡོ་བསྲང་བྱེད་དུ་འཇུག་དགོས་པ་དང་། ཏང་གི་རྩ་འཛུགས་ཀྱིས་སློབ་གསོ་བརྒྱབ་ཀྱང་སྔར་བཞིན་འགྱུར་ལྡོག་མ་བཏང་ཚེ། ཏང་གི་སྐྱིད་སྡུག་ནས་ཕྱིར་འདོན་དགོས་པའི་ཁ་ཏ་བྱེད་དགོས། ཁ་ཏ་བྱས་ཀྱང་འགྱུར་བ་མ་སོང་ཚེ་ཏང་གི་སྐྱིད་སྡུག་ནས་འབུད་དགོས། གཞུང་ཞབས་ནས་ཆོས་ལུགས་བྱེད་སྒོ་སྤེལ་ཚེ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་དགོས་ཟེར་བའི་བཀའ་ཁྱབ་བཏང་འདུག

རྒྱ་གཞུང་གིས་རི་མོ་དང་འགུལ་རིས་སོགས་ལམ་ནས་ཆོས་ལུགས་ཀྱི་བྱེད་སྒོར་ཞུགས་མཁན་བོད་པ་ཚོ་ཏང་ནང་ཁུལ་གྱི་གོ་གནས་ཕྱིར་འཐེན་བྱ་དགོས་པ་ཡང་ན། ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། གནས་ཚུལ་ཚབས་ཆེ་རིགས་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ནས་ཤུགས་རྐྱེན་ངན་པ་བཟོས་རིགས་ལ་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་རྒྱུ། གནས་ཚུལ་ངོ་མ་གསལ་པོ་མ་ཤེས་པར་ཆོས་ལུགས་ཀྱི་བྱེད་སྒོར་ཞུགས་མཁན་ལ་སྐྱོན་བརྗོད་སློབ་གསོ་བརྒྱབ་ནས་སྔར་འགྱོད་ཕྱི་འདོམས་བྱས་ན་ཆད་པ་རྩ་ཡང་གཏོང་བའམ་ཡང་ན་ཆད་པ་གཅོད་རྒྱུ་མིན་པ་རེད་ཅེས་དྲིལ་བསྒྲགས་བྱས་འདུག
རྒྱ་ནག་གཞུང་གི་བོད་པའི་གཞུང་ཞབས་ཟུར་པ་ཞིག་གིས། བོད་མི་རྣམས་ལ་མཚོན་ན་ལོ་གསར་ཚེས་གཅིག་ཉིན་རང་གི་ནང་མི་ལྷན་དུ་དགོན་པར་མཆོད་མཇལ་དུ་འགྲོ་རྒྱུ་ནི་ཧ་ཅང་གལ་ཆེན་དུ་བརྩི་བཞིན་ཡོད་ཅིང་། མོ་ལུང་རྩིས་གསུམ་ལ་བརྟེན་ནས་ཁྱིམ་ཚང་གི་ཞབས་བརྟན་བསྒྲུབ་རྒྱུ་བཅས་གལ་གནད་ཆེ་བའི་ལས་དོན་ཞིག་ལ་བརྩི་བཞིན་ཡོད། བོད་པ་གཞུང་ཞབས་པ་རྣམས་ལ་ཆོས་དད་རང་དབང་བཀག་སྡོམ་བྱས་པ་ནི་བོད་པ་ཚོའི་སེམས་ཁམས་ལ་དཀའ་ངལ་ཚབས་ཆེན་བཟོས་སོང་ཞེས་འགྲེལ་བརྗོད་གནང་སོང་།



