བོད་མིའི་སྒྲིག་འཛུགས་ཀྱི་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འབུམ་རམས་པ་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས། ཁེ་ན་ཌའི་གྲོས་ཚོགས་འཐུས་མི་དང་ཆབ་སྲིད་ཚོགས་པའི་དབུ་ཁྲིད་ཁག་གཅིག་དང་མཇལ་འཕྲད་རིམ་པ་གནང་སྟེ། བོད་ནང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐོར་སྙན་སེང་ཞུས་འདུག

དེ་ཡང་ Canada Tibet Committee འམ་ཁེ་ན་ཌ་བོད་དོན་རྒྱབ་སྐྱོར་ཚོགས་པའི་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ལམ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝ་ Ottawa ནང་། ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ Karim Bardeesy ལགས་དང་། Garnett Genuis ལགས་ཀྱིས་གཙོས་པའི་གྲོས་ཚོགས་འཐུས་མི་བཞི་དང་། དེ་བཞིན་ Bloc Québécois ཆབ་སྲིད་ཚོགས་པའི་དབུ་ཁྲིད་སོགས་དང་ལྷན་མཇལ་འཕྲད་རིམ་པ་གནང་ཡོད་པ་དང་འབྲེལ། ཁོང་གིས་ཉེ་ཆར་རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་དེར་བློ་འཚབ་ཆེན་པོས་སྐྱོན་བརྗོད་གནང་སྟེ། འདི་ནི་བོད་མི་དང་ཡུ་གུར་བ། དེ་བཞིན་མི་རིགས་གཞན་རྣམས་ཡོངས་སུ་རྒྱ་སྒྱུར་བྱེད་བཞིན་པའི་ཆབ་སྲིད་ཀྱི་ལག་ཆ་ཞིག་ཡིན་པར་འགྲེལ་བརྗོད་གནང་བ་དང་། འདི་ནི་གློ་བུར་དུ་བྱུང་བའི་སྲིད་བྱུས་ཤིག་མ་ཡིན་པར་ལོ་ངོ་བཅུ་ཕྲག་དུ་མའི་རིང་རྒྱ་ནག་གཞུང་གིས་བོད་མི་དང་མི་རིགས་གཞན་གྱི་སྐད་ཡིག་དང་། ཆོས་ལུགས། རིག་གཞུང་། གོམས་གཤིས་བཅས་རྩ་མེད་བཟོ་ཐབས་བྱེད་པའི་ལས་འགུལ་དེ་ཁྲིམས་ཐོག་ནས་གཏན་འབེབས་བྱས་པ་ཞིག་ཡིན་པ་གསུངས་འདུག
ཁོང་གིས་ད་དུང་འཛམ་གླིང་ཡུ་གུར་ལྷན་ཚོགས་ཀྱི་ཚོགས་གཙོ་ Rushan Abbas ལགས་ཀྱི་ཕྱག་དེབ་དབུ་འབྱེད་ཀྱི་མཛད་སྒོར་མཉམ་ཞུགས་གནང་སྟེ། རྒྱ་ནག་གཞུང་གི་བཙན་གནོན་འོག་དཀའ་ངལ་མྱོང་བཞིན་པའི་ཡུ་གུར་གྱི་དབུ་ཁྲིད་དང་མི་མང་རྣམས་ལ་གདུང་སེམས་མཉམ་སྐྱེད་འགྲེལ་བརྗོད་དང་། བོད་མི་དང་ཡུ་གུར་བས་སྒེར་གཅོད་དབང་འཛིན་པའི་བཙན་གནོན་ལ་ཁ་གཏད་གཅོག་པའི་འཐབ་རྩོད་ཁྲོད་རྒྱབ་སྐྱོར་གནང་མཁན་གྱི་གྲོས་ཚོགས་འཐུས་མི་དང་། རྒྱབ་སྐྱོར་བ་ཚང་མར་ཐུགས་རྗེ་ཆེ་ཞུས་གནང་འདུག
དེའི་བར་ན་འདི་ཚེས་ ༢༠ ཉིན་ཁེ་ན་ཌའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་དང་རྒྱལ་སྤྱིའི་ཡར་རྒྱས་ཚོགས་ཆུང་གི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་གོ་སྒྲིག་འོག་ཡུལ་དེའི་གྲོས་ཚོགས་ཚོགས་ཁང་ཞིག་ནང་ཚོགས་གཙོ་སྐུ་ཞབས་ Faycal El-Khoury ལགས་གཙོ་བཞུགས་ཐོག་ཁེ་ན་ཌའི་ནང་རྒྱ་ནག་གི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ཇེ་ཆེར་འགྲོ་བཞིན་པའི་ཤུགས་རྐྱེན་སྐོར་ཉན་ཞིབ་ལས་རིམ་ཞིག་འཚོགས་ཡོད་པ་དང་། དེའི་ཐོག་བོད་མིའི་ཕྱོགས་ནས་ཁེ་ན་ཌ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཤེས་རབ་མཐར་ཕྱིན་ལགས་མཉམ་ཞུགས་གནང་སྟེ། དེ་སྔ་ ༢༠༢༤ ལོར་ཤེས་རབ་མཐར་ཕྱིན་ལགས་སྐུ་ཉིད་གཙོས་པའི་ལས་འགུལ་བ་ ༢༠ ཡི་གནད་དོན་ངོ་སྤྲོད་དང་། ལྷག་པར་རྒྱ་གཞུང་གིས་བཀལ་བའི་ཉེས་ཆད་དེས་ཡུན་རིང་གི་ཤུགས་རྐྱེན་ཚབས་ཆེན་ཐེབས་ཡོད་ཅིང་དེ་ནི་ཉེས་ཆད་ཀྱི་མཚོན་དོན་ལས་ལྷག་པའི་གནད་དོན་ཞིག་ཡིན་པར་འགྲེལ་བརྗོད་གནང་འདུག
མ་ཟད་རྒྱ་གཞུང་གིས་བཀལ་བའི་ཉེས་ཆད་དེ་དག་གིས་ཁོང་རྣམས་ལ་རྒྱལ་སྤྱིའི་འགྲུལ་བཞུད་ལ་ཡང་རྙོག་འཛིང་བཟོས་ཡོད་པ་མ་ཟད། ལྷག་པར་དུ་བོད་གཙོས་པའི་རྒྱ་ནག་གི་ཤུགས་རྐྱེན་ཡོད་སའི་ས་ཁུལ་གཞན་དུ་གནས་སྡོད་གནང་བཞིན་པའི་ཁོང་ཚོའི་ནང་མི་ཉེ་འབྲེལ་ཚོའི་བདེ་འཇགས་ལའང་སེམས་འཚབ་ཆེ་རུ་བཏང་ཡོད་པ་གསུངས་འདུག ཁོང་ཚོའི་ངོས་ནས་མུ་མཐུད་བོད་དོན་ཞུ་གཏུགས་ཀྱི་ཕྱག་ལས་གནང་བཞིན་ཡོད་ནའང་དེ་ལྟར་འཇིགས་སྣང་སེམས་འཚབ་ཁྲོད། ཁོང་ཚོའི་རང་དབང་གི་ཚོར་བ་དང་སྨྲ་བརྗོད་རང་དབང་ལ་དོ་ཕོག་བཏང་ཡོད་པ་དང་། ལྷག་པར་ཁོང་གིས་རྒྱ་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་གྱི་བྱ་སྤྱོད་དེ་དག་དམངས་གཙོའི་སྤྱི་ཚོགས་ནང་དུ་འཇིགས་སྐུལ་གྱི་རྣམ་པ་ཞིག་མཚོན་གྱི་ཡོད་སྟབས། ཁེ་ན་ཌའི་གཞུང་ངོས་ནས་དྲང་བདེན་མིན་པའི་ཉེས་ཆད་དང་བཀག་ཉར་རྣམས་སྣང་མེད་བཏང་མི་རུང་ཞིང་། རྒྱ་ནག་དང་འབྲེལ་བའི་ཁྲིམས་ལག་བསྟར་ཤུགས་ཆེར་བཏང་སྟེ། དེའི་ནང་དུ་མཁོ་འདོན་ལམ་སྲོལ་གསལ་པོར་བཟོ་བ་དང་རང་དབང་ལྡན་པའི་ཞིབ་བཤེར། བོད་ལྟ་བུའི་ས་གནས་སུ་ཁེ་ན་ཌའི་མི་སེར་ལ་འགྲིམ་བཞུད་འདྲ་མཉམ་གྱི་ཐོབ་ཐང་བཅས་ཚུད་དགོས་པ་སོགས་གསུངས་ཡོད་པ་རེད།




