Tibetan Royal Year of 2151 | Year of the Wood Dragon

བླ་མ་བློ་བཟང་དམ་པ་ཉིད་སླད་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གཏན་འབེབས།

Tibetan News Headlines

  • བོད་ཀྱི་བེུད་། བལ་ཡུལ་ལྷ་མོ་ཚོགས་པའི་ཚོགས་མི་དང་གློག་བརྙན་འཁྲབ་སྟོན་པ་འཕྲིན་ལས་ལྷ་མོ་ལགས་དང་ལྷན་ཁོང་གི་སྒྱུ་སྩལ་གྱི་ལམ་བུའི་སྐོར་གླེང་མོལ།

རེས་གཟའ་ཉི་མ། ༢༠༢༤།༠༥།༠༥

  • Women of Tibet: In conversation with Thinley Lhamo, member of Nepal Tibetan opera and star in Nepalese film ‘Shambala’

ཟླ་བ་འདིའི་ཚེས་ ༡༦ ཉིན་ཡུན་རིང་ནས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ལ་དྭགས་བླ་མ་བློ་བཟང་མཆོག་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་བ་དང་འབྲེལ། དེ་རིང་གྲོས་ཚོགས་ནས་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གཏན་འབེབས་གནང་སོང་།

Lama Lobsang

བཞུགས་སྒར་དུ་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༧ པ་འཚོགས་བཞིན་པ་དང་བསྟུན། དེ་རིང་ལས་ཉིན་གཉིས་པ་དབུ་འཛུགས་དང་འབྲེལ། བོད་དོན་རྒྱབ་སྐྱོར་བ་དམ་པ་ཉིད་ཀྱི་རྨད་བྱུང་མཛད་རྗེས་རྣམས་ལ་གུས་བཀུར་ཆེ་བསྟོད་ཀྱིས་བསྔགས་བརྗོད་དང་། དམ་པ་ཁོང་གིས་སྐུ་ཚེ་མ་ཟིན་པ་དེས་བོད་དོན་འཐབ་རྩོད་ལའང་གྱོང་རྒུད་ཆེན་པོ་བྱུང་ཡོད་པ་དང་། ཤུལ་ལུས་ནང་མི་ཉེ་འབྲེལ་དང་འབྲེལ་ཡོད་ལ་དྭགས་མི་མང་རྣམས་ལ་ཐུགས་གསོ་ཞུས་སོང་བ་མ་ཟད། དམ་པ་ཁོང་གི་ཕུགས་འདུན་བཟང་པོ་རྣམས་ཡོངས་སུ་གྲུབ་ཅིང་། ཚེ་རབས་ཀུན་ཏུ་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་ནས་དལ་རྟེན་རིམ་བརྒྱུད་ཀྱི་ཐར་པ་ཐམས་ཅད་མཁྱེན་པའི་གོ་འཕང་ལ་མྱུར་དུ་རེག་པའི་སྨོན་འདུན་ཞུས་པའི་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གཏན་འབེབས་གནང་སོང་།

རྩ་བའི་བླ་མ་བློ་བཟང་ལགས་དམ་པ་ཁོང་ཕྱི་ལོ་ ༡༩༣༡ ལོར་ལ་དྭགས་གླེ་རུ་སྐུ་འཁྲུངས་ཤིང་། དགུང་ལོ་ ༢༡ ལ་བོད་ཀྱི་ལྷ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་ཆོས་བཞུགས་གནང་ཡོད་འདུག ཁོང་ནི་དེ་སྔ་བོད་མི་བཙན་བྱོལ་བ་ཐོག་མར་རྒྱ་གར་དུ་འབྱོར་སྐབས་བོད་པའི་གྲོགས་པོ་དང་སྣེ་ཤན་གནང་མཁན་ཐོག་མ་དེ་ཡིན་པ་དང་། སྐབས་དེར་བོད་མི་མང་པོར་གློ་ནད་ཕོག་སྐབས་སྨན་བཅོས་གོ་སྒྲིག་གནང་བ་ཙམ་དུ་མ་ཟད། འགྲོ་གྲོན་མཐུན་འགྱུར་སྦྱར་གནང་ནས་བོད་མི་གློ་ནད་ཕོག་པ་མང་པོའི་ཚེ་སྲོག་མྱུར་སྐྱོབ་ཐུབ་ཡོད་པ་རེད། ལྷག་པར་བཙན་བྱོལ་བོད་མིའི་འཚོ་རྟེན་གཙོ་བོ་གཅིག་སྟེ། བོད་མི་སུད་ཚོང་བར་ཁྲོམ་སའི་དཀའ་ངལ་འཕྲད་སྐབས་རྒྱ་གར་དབུས་སའི་གཞུང་ལ་རྒྱབ་གཉེར་མཐུན་འགྱུར་གྱིས་དཀའ་སེལ་རོགས་སྐྱོར་མང་པོ་གནང་མྱོང་ཡོད་པ་དང་། ཁོང་ནས་སྐུ་ཚེ་ཧྲིལ་པོར་ལ་དྭགས་དང་ཧི་མཱ་ཅལ་ས་ཁུལ་གྱི་ཉམས་ཐག་དཀའ་ངལ་ཅན་རྣམས་ལ་སྨན་བཅོས་ཀྱི་མཐུན་རྐྱེན་སྦྱོར་སྤྲོད་མཚོན་སྤྱི་ཚོགས་ཞབས་ཞུའི་ལས་དོན་ཧ་ཅང་གཞི་རྒྱ་ཆེན་པོ་བསྒྲུབས་ཡོད་པ་སོགས་མདོར་ན་ཁོང་ནི་ནང་བསྟན་སྤྱི་ལ་ཞབས་འདེགས་ཞུ་མཁན་ཞིག་ཡིན་པ་མ་ཟད བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཀྱང་ཡིན་པ་རེད་འདུག

བླ་མ་བློ་བཟང་དམ་པ་ཁོང་རྒྱ་གར་དབུས་གཞུང་ནང་སྲིད་ལྷན་ཁང་གིས་ཆེད་འཛུགས་གནང་བའི་གྲངས་ཉུང་མི་རིགས་དང་། ཟུར་གསལ་མི་རིགས་དང་རུས་སྡེ། སྡེ་ཚན་ཞན་པ་གཞན་ཁག་བཅས་ཀྱི་ཆེས་མཐོའི་ལྷན་ཚོགས་ཀྱི་ཚོགས་མི་དང་། རྒྱ་གར་གཞུང་གི་གདོད་མའི་དུས་སྡེའི་རྒྱལ་ཡོངས་ལྷན་ཚོགས་ཀྱི་ཚོགས་མི་སོགས་ལས་གནས་འདྲ་མིན་ཐོག་ཕྱག་ལས་གནང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༡ ལོིའི་གོ་ལ་ཡོངས་ཀྱི་ནང་པའི་ལྷན་ཚོགས་དང་། ༢༠༡༣ ལོའི་རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་སོགས་གལ་ཆེའི་ཚོགས་ཆེན་མང་པོ་བསྐོང་ཚོགས་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།