Tibetan Royal Year of 2151 | Year of the Wood Dragon

མཚན་ཞབས་ངག་དབང་བློ་བཟང་རྡོ་རྗེའི་ལགས་ལ་རྗེས་དྲན་གྱི་པར་རིས་འགྲེམས་སྟོན་གནང་སོང་།

Tibetan News Headlines

  • Former political prisoner Namkyi’s brave Journey: From Protest, Imprisonment to Eventual Escape to India

རེས་གཟའ་སྤེན་པ། ༢༠༢༤།༠༥།༠༤

  • རྒྱ་གཞུང་གི་མནར་གཅོད་འོག་༸རྒྱལ་བ་རིན་པོ་ཆེར་དད་གུས་གཡོ་མེད་དུ་གནས་པའི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས།

བཞུགས་སྒར་དུ་དེ་སྔ་ཕྱི་ལོ་ ༡༩༡༣ ལོར་བོད་རང་བཙན་རྒྱལ་ཁབ་ཡིན་པའི་བདེན་དཔང་གི་བོད་སོག་གཉིས་དབར་གྱི་ཆིངས་ཡིག་ཐོག་བོད་མིའི་སྐུ་ཚབ་ཀྱི་མཚན་རྟགས་བཀོད་མཁན་སོག་པོའི་མི་རིགས་ཡིན་པ་མཚན་ཞབས་ངག་དབང་བློ་བཟང་རྡོ་རྗེ་ལགས་ལ་རྗེས་དྲན་གྱི་པར་རིས་འགྲེམས་སྟོན་ཞིག་ཚོགས་གནང་སོང།
མཚན་ཞབས་ངག་དབང་རྡོ་རྗེ་ལགས་ནི། ཕྱི་ལོ་ ༡༨༥༤ ལོར་ཨུ་རུ་སུ་ནང་དུ་འཁྲུངས་པའི་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཀྱི་དགེ་ལུགས་པའི་དགེ་འདུན་པ་ཞིག་ཡིན་ཞིང་། སྐབས་དེའི་རྒྱལ་དབང་སྐུ་ཕྲེང་ ༡༣ ཆེན་པོ་མཆོག་གི་མཚན་ཞབས་དང་ཐུགས་ཉེ་བའི་མི་སྣ་ཞིག་ཡིན་པ་མ་ཟད། ཨུ་རུ་སུ་རྒྱལ་ཁབ་དང་བོད་གཞུང་དབར་གྱི་གཞུང་འབྲེལ་འབྲེལ་མཐུད་པ་ཞིག་ཀྱང་ཡིན་པ་རེད། ལྷག་དོན་ཕྱི་ལོ་ ༡༩༡༣ ལོར་བོད་རང་བཙན་རྒྱལ་ཁག་ཡིན་པའི་བདེན་དཔང་གི་བོད་སོག་གཉིས་དབར་བཞག་པའི་ཆིངས་ཡིག་ཐོག་བོད་མིའི་སྐུ་ཚབ་ཀྱི་མཚན་རྟགས་བཀོད་མཁན་ཡིན་སྟབས། བོད་ཀྱི་ལོ་རྒྱུས་ཁྲོད་དུ་མི་སྣ་གཙོ་གྲས་ཤིག་ཆགས་ཡོད་པ་རེད། ཕྱི་ལོ་ ༡༩༣༧ ལོར་ཨུ་རུ་སུ་ནང་དུ་གསར་བརྗེ་བྱུང་སྐབས། ཁོང་ལ་གསར་བརྗེ་ངོ་ལོག་པ་དང་སོག་པོའི་རིང་ལུགས་རྒྱ་སྐྱེད་གཏོང་མཁན་སོགས་ཀྱི་ཉེས་འཛུགས་འོག་ཨ་རུ་སུ་གཞུང་གིས་འཛིན་བཟུང་བྱས་ཏེ་མཐར་ཕྱི་ལོ་ ༡༩༣༨ ལོར་བཙོན་ཁང་གི་སྨན་ཁང་དུ་སྐུ་གྲོངས་ཡོད་པ་རེད།
དེ་རིང་ཟླ་ ༦ ཚེས་ ༩ སྟེ་བོད་ཟླ་ ༤ ས་ག་ཟླ་བའི་ཚེས་ ༡༥ དུས་བཟང་དང་བསྟུན། བཞུགས་སྒར་བོད་ཀྱི་འགྲེམས་སྟོན་ཁང་དུ་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་འགྲེམས་སྟོན་མཚན་པ་དང། ཨུ་རུ་སུར་རྟེན་གཞི་བྱས་པའི་མཚན་ཞབས་ངག་དབང་རྡོ་རྗེ་ཐེབས་རྩ་ཁང་གཉིས་བཟུང་སྦྲེལ་གྱིས་སྒོ་མང་མཚན་ཞབས་ངག་དབང་བློ་བཟང་རྡོ་རྗེ་མཆོག་ལ་རྗེས་དྲན་ཞུ་རྒྱུའི་དུས་ཐུང་གི་པར་རིས་འགྲེམས་སྟོན་གནང་སོང་བ་དང། འགྲེམས་སྟོན་དབུ་འབྱེད་ཀྱི་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང། མཚན་ཞབས་ངག་དབང་རྡོ་རྗེ་ཐེབས་རྩ་ཁང་གི་ཚོགས་གཙོ་ཏར་པ་བླ་མ་ལགས། དྲིལ་བསྒྲགས་དྲུང་ཆེ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་སོགས་ཕེབས་འདུག
སྐབས་དེར་སྲིད་སྐྱོང་མཆོག་གིས་མཚན་ཞབས་ངག་བློ་བཟང་རྡོ་རྗེ་མཆོག་གིས་བོད་དང་ཨུ་རུ་སུ་དབར་ལོ་རྒྱུས་ཁྲོད་ཆོས་སྲིད་གཉིས་ཀྱི་ཐོག་བྱས་རྗེས་བཞག་པ་སོགས་ལ་ཆེ་བསྟོད་ཞུས་པ་དང་འབྲེལ། ཆབ་སྲིད་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་བའི་བོད་ཀྱི་གྲོགས་པོ་ཚོ་ལས་ནང་ཆོས་བྱེད་མཁན་གྱི་བོད་ཀྱི་གྲོགས་པོ་ཚོ་བརྟན་པ་དང་ཡུན་རིང་བ་གནས་ཀྱི་འདུག་ཅེས་སོགས་གསུངས་སོང།
ད་རེས་ཨུ་རུ་སུ་ནས་ཕེབས་པའི་མཚན་ཞབས་ངག་དབང་རྡོ་རྗེ་ཐེབས་རྩ་ཁང་གི་ཚོགས་གཙོ་ཏར་པ་བླ་མ་ལགས་ཀྱིས་ད་རེས་དུས་ཀྱི་ཆ་ནས་ས་ག་ཟླ་བ་དང་ཡུལ་གྱི་ཆ་ནས་རྒྱ་གར་འཕགས་པའི་ཡུལ་བཅས་གནས་དུས་བཟང་པོ་འདིར་མང་ཚོགས་ལ་མཚན་ཞབས་ངག་བློ་བཟང་རྡོ་རྗེ་མཆོག་གི་ལོ་རྒྱུས་དང་འབྲེལ་བའི་པར་རིས་འགྲེམས་སྟོན་གནང་ཐུབ་པར་དགའ་འོས་པ་ཞིག་དང། འགྲེམས་སྟོན་དེའི་བརྒྱུད་ནས་བོད་དང་ཨུ་རུ་སུ་གཉིས་དབར་སྔ་མོ་ནས་ཡོད་པའི་ཆོས་སྲིད་ཀྱི་འབྲེལ་བ་དེ་མ་འོངས་པར་མུ་མཐུད་ནས་ཡོང་རྒྱུ་ཡིན་པ་མ་ཟད། བོད་མི་སྤྱི་དང་སྒོས་བོད་ཀྱི་ན་གཞོན་ཚོར་བློ་སྐྱེད་གསར་པ་ཞིག་ཡོང་བའི་རེ་བ་ཡོད་སྐོར་གསུངས་ཡོད།
ལྷག་པར་དུ་མཚན་ཞབས་ངག་དབང་བློ་བཟང་རྡོ་རྗེ་མཆོག་གི་མི་ཐོག་མཐའ་མ་ཡིན་པ་དང་། ད་ཆ་དགུང་ལོ་ ༧༩ ལྷག་ཕེབས་པའི་རྨོ་རྨོ་ཝེ་ལི་ན་ཌ་ལོ་ཁོ་བ་ལགས་ཀྱང་ཐེངས་འདིའི་འགྲེམས་སྟོན་ཆེད་དུ་ཆེད་ཕེབས་གནང་འདུག་པ་མ་ཟད། ཁོང་གིས་བོད་མི་དང་བོད་པའི་གཞོན་སྐྱེས་ཚོས་ང་རང་གི་ཨུ་ཁུ་ལགས་ཀྱི་བྱས་རྗེས་ལ་རྗེས་དྲན་ཞུས་པ་མཐོང་ཚེ་སྤོབས་པ་ཞེ་དྲགས་སྐྱེས་ཀྱི་འདུག ཁོང་ནི་བོད་ཀྱི་ལོ་རྒྱུས་ཁྲོད་དུ་སྙན་གྲགས་ཆེ་བའི་མི་སྣ་ཞིག་ཡིན་པ་དང་། ཁྱད་པར་དུ་དེ་སྔ་ཁོང་གིས་བོད་དང་ཨུ་རུ་སུ་དབར་འབྲེལ་བ་གནང་རྒྱུའི་ཐད་ལ་བྱས་རྗེས་ཆེན་པོ་བཞག་ཡོད་པ་རེད་ཅེས་སོགས་གསུངས་སོང་།
རྩ་བའི་འགྲེམས་སྟོན་འདི་དེ་རིང་ནས་དབུ་འཛུགས་ཀྱིས་ཟླ་ ༨ བར་ཟླ་བ་གསུམ་རིང་གནང་རྒྱུ་རེད་འདུག་པ་དང། པར་རིས་འགྲེམས་སྟོན་དེའི་ཁྲོད་མཚན་ཞབས་ངག་དབང་བློ་བཟང་རྡོ་རྗེ་མཆོག་གི་སྐུ་ཚེ་ལོ་རྒྱུས་དང་འབྲེལ། སྐབས་དེའི་བོད་ཀྱི་ཆབ་སྲིད་ཀྱི་གནས་བབ་དང། བོད་དང་ཨུ་རུ་སུ་དབར་གྱི་འབྲེལ་བ་སོགས་ཆོས་སྲིད་གཉིས་དང་འབྲེལ་བའི་ལོ་རྒྱུས་ཀྱི་པར་རིས་གཙོས། ད་ལྟའི་བུར་ཡཏ་ཡུལ་གྱི་ལོ་རྒྱུས་སོགས་གསལ་བའི་པར་རིས་ཁྱོན་ ༢༨ ལྷག་འགྲེམས་སྟོན་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།