རིང་མིན་འཚོག་ལ་ཉེ་བའི་རྒྱ་ནག་གི་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་ཐོག་ Promoting Ethnic Unity and Progress ཞེས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་གཏོང་རྒྱུའི་ཁྲིམས་འཆར་ངོ་སྤྲོད་ཀྱིས་ཁྲིམས་སྒྲིག་གསར་པ་ལག་བསྟར་བྱ་རྒྱུ་ཡིན་པར། བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཁྲིམས་འཆར་དེའི་ཐོག་ནས་མ་འོངས་པར་བོད་མི་དང་ཡུ་གུར་སོགས་རྒྱའི་བཙན་གནོན་འོག་ཡོད་པའི་གྲངས་ཉུང་མི་རིགས་རྣམས་ཀྱི་སྐད་ཡིག་རིག་གཞུང་བཅས་པར་སྔར་ལས་བཙན་གནོན་ཤུགས་ཆེན་ཐེབས་རྒྱུ་ཡིན་པ་གསུངས་སོང་།

དེ་ཡང་འདས་པའི་ལོའི་ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་མི་རིགས་མཐུན་སྒྲིལ་གྱི་ལས་འགུལ་ཟེར་བའི་འོག་ནས་བོད་མི་དང་ཡུ་གུར་བ་སོགས་རྒྱའི་བཙན་གནོན་འོག་ཡོད་པའི་གྲངས་ཉུང་མི་རིགས་རྣམས་རང་གི་སྲོལ་རྒྱུན་དང་རིག་གཞུང་ནས་རྒྱང་ཐག་རིང་དུ་བཏང་སྟེ་རྒྱ་བསྒྱུར་གྱི་ལས་གཞི་རྒྱ་སྐྱེད་གཏོང་བཞིན་པའི་ཁྲོད་འདིར། ཁ་སང་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་དེ་འབྲེལ་གནས་ཚུལ་ཐོན་པར་གཞིགས་ན། རིང་མིན་འཚོག་ལ་ཉེ་བའི་འདི་ལོའི་རྒྱ་ནག་གི་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་ཐོག་གྲངས་ཉུང་མི་རིགས་ཁྲོད་རྒྱ་སྐད་དང་རྒྱ་ཡིག་བེད་སྤྱོད་ཇེ་མང་དུ་གཏོང་བའི་བརྒྱུད་མཐུན་སྒྲིལ་གོང་འཕེལ་གཏོང་ཐབས་དང་འབྲེལ་བའི་ཁྲིམས་འཆར་ཟེར་བ་ཞིག་ངོ་སྤྲོད་ཀྱིས་ལག་བསྟར་བྱ་རྒྱུ་ཡིན་པ་དང་། ཁྲིམས་སྒྲིག་དེའི་འོག་ནས་རྒྱ་གཞུང་གིས་བོད་མི་དང་ཡུ་གུར། དེ་བཞིན་ནང་སོག་སོགས་གྲངས་ཉུང་མི་རིགས་ཐོག་ཁྲིམས་མཐུན་གྱི་རྣམ་པའི་ཐོག་ནས་རྒྱ་བསྒྱུར་གྱི་སྲིད་བྱུས་ཇེ་ཤུགས་ཆེ་རུ་གཏོང་ངེས་ཡིན་པ་མ་ཟད། རྒྱལ་ཁབ་ཀྱི་སྤྱི་སྐད་ཁྱབ་སྤེལ་གྱི་མིང་འོག་ནས་སློབ་གྲྭ་དང་དགོན་སྡེ། ཞིང་གྲོང་ཁྱོན་ཡོངས་ནང་རྒྱ་སྐད་སློབ་ཁྲིད་གཙོས་རྒྱ་ནག་དམར་གཞུང་ལ་བརྩི་བཀུར་གྱི་སློབ་གསོ་སྤེལ་རྒྱུ་སོགས་དམིགས་འབེན་བཟུང་ཡོད་པ་རེད་འདུག
གནད་དོན་དེ་འབྲེལ་འདི་ག་རླུང་འཕྲིན་ཁང་གིས་བོད་ཀྱི་འགྲ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཟླ་བ་བཀྲ་ཤིས་ལགས་སུ་ཁྲིམས་འཆར་དེ་ཉིད་ཀྱི་རྒྱབ་ལྗོངས་དང་ལྷག་པར་ཁྲིམས་འཆར་དེ་གཏན་འབེབས་བྱེད་ཚེ་རྒྱའི་བཙན་གནོན་འོག་ཡོད་པའི་གྲངས་ཉུང་མི་རིགས་ཐོག་དྲག་གནོན་ཇེ་ཤུགས་ཆེ་རུ་འགྲོ་སྲིད་མིན་སོགས་དང་འབྲེལ་བཀའ་འདྲི་ཞུ་སྐབས་ཁོང་གིས།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་ཁྲིམས་ཞེས་པའི་འཆར་ཟིན་དེ་སྔ་ལོའི་ཕྱི་ཟླ་ ༩ ཕྱི་ཚེས་ ༨ ཉིན་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ལྷན་ཚོགས་ཤིག་གི་སྟེང་ཐོག་མར་གྲོས་བསྡུར་བྱུང་ཡོད་པ་དང་། གཞུང་འབྲེལ་ཁྲིམས་འཆར་འགྲེལ་བཤད་ནང་ཁྲིམས་འཆར་དེ་གཏན་འབེབས་བྱ་རྒྱུ་ནི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་གཏོང་བའི་བསམ་བློ་གཏིང་ཟབ་ཀྱིས་ལག་བསྟར་བྱེད་པ་དང་། དབུས་གཞུང་སྲིད་ཇུས་གཏན་འབེབས་ཁང་གི་གལ་ཆེའི་ཐབས་ཇུས་ཤིག་ཡིན་ཚུལ་བསྒྲགས་ཡོད་སྐོར་འགྲེལ་བརྗོད་དང་འབྲེལ། དེ་ལྟར་ཡང་ཁྲིམས་འཆར་དེའི་ཐོག་ནས་བོད་མི་དང་ཡུ་གུར་བ། ནང་སོག་སོགས་གྲངས་ཉུང་མི་རིགས་ཐོག་ཁྲིམས་མཐུན་གྱི་རྣམ་པའི་ཐོག་ནས་དྲག་གནོན་ཇེ་ཤུགས་ཆེ་རུ་གཏོང་ངེས་ཡིན་ཐོག ཁོང་རྣམ་པའི་སྨྲ་བརྗོད་རང་དབང་དང་། ཤེས་ཡོན་ཐོབ་ཐང་། དེ་བཞིན་ཆོས་དད་རང་དབང་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཡོངས་རྫོགས་སྔར་ལྷག་རྡོག་རོལ་གཏོང་ངེས་ཡིན་པ་གསལ་སྟོན་གྱིས།མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་གཏོང་རྒྱུའི་ཁྲིམས་འཆར་དེས་བོད་མི་ཚུད་པའི་རྒྱའི་བཙན་གནོན་འོག་ཡོད་པའི་གྲངས་ཉུང་མི་རིགས་ ༥༥ ཡི་གནས་སྟངས་སྔར་ལྷག་ཛ་དྲག་རུ་གཏོང་ངེས་ཡིན་པ་གསུངས་སོང་།

མ་ཟད། བོད་ནང་ལྟ་བུ་ཆ་མཚོན་ན། བོད་ཕྲུག་ས་ཡ་བརྒལ་བ་མི་སེར་སྤེལ་བའི་སྲིད་གཞུང་གི་བཅའ་སྡོད་སློབ་གྲྭ་ཟེར་བའི་ནང་བཅུག་སྟེ་བོད་ཕྲུག་ཚོར་རང་གི་ཕ་མ་དང་སྐད་ཡིག སྲོལ་རྒྱུན་རིག་གཞུང་། ཐ་ན་བོད་པའི་སྤྱི་ཚོགས་དང་ཁ་བྲལ་གཏོང་བའི་ལས་དོན་དེ་བཞིན་ཛ་དྲག་རུ་འགྲོ་ངེས་ཡིན་པ་དང་ཆབས་ཅིག ད་ལྟའི་ཆར་ཞི་ཅིན་ཕིང་གིས་རྒྱ་ནག་རྩ་ཁྲིམས་ནང་ཡོད་པའི་གྲངས་ཉུང་མི་རིགས་ཚོའི་རང་གི་སྐད་ཡིག་བེད་སྤྱོད་བྱེད་ཆོག་ཅེས་པའི་ཁྲིམས་དེ་ཡང་མི་རིགས་མཐུན་སྒྲིལ་ལ་ཁ་གཡར་ཏེ་ཁྲིམས་སྒྲིག་བསྐྱར་བཅོས་བརྒྱུད་རྩ་མེད་གཏོང་ཐབས་དང་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་སོགས་ཀྱང་རྡོག་རོལ་གཏོང་གི་ཡོད་སྟབས། གནད་དོན་འདི་ཛ་དྲག་གི་གནས་ཚུལ་ཞིག་ཡིན་པ་གསུངས་སོང་།
དེ་བཞིན་ཁྲིམས་སྒྲིག་གི་དོན་ཚན་ ༦༡ པའི་ནང་གསལ་ལྟར་ན། ཕྱི་ཕྱོགས་སུ་གནས་སྡོད་བྱེད་བཞིན་པའི་བོད་མི་དང་ཡུ་གུར་མི་རིགས་གཙོས་རྒྱ་ནག་གཞུང་གི་བཙན་གནོན་འོག་ཏུ་ཡོད་པའི་མི་རིགས་རྣམས་ནས་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་དང་ཡར་རྒྱས་ལ་འགོག་རྐྱེན་བཟོས་ཚེ་རྒྱ་གཞུང་གི་ཁྲིམས་ལུགས་ལྟར་ཉེས་ཆད་ལྕི་མོ་གཅོད་རྒྱུའི་ཁྲིམས་མཐུན་གྱི་དབང་ཚད་སྤྲོད་ཡོད་སྟབས། སྲིད་གཞུང་གི་ཁྲིམས་གསར་དེ་ཉིད་སྤྱོད་ནས་ཉེན་གཡོལ་དུ་ཕྱིན་པའི་རྒྱ་རིགས་མང་གཙོ་དོན་གཉེར་བ་དང་བོད་མི། དེ་བཞིན་ཡུ་གུར་མི་རིགས་ཚོར་ནག་ཉེས་སྣ་ཚོགས་གཡོགས་ནས་འཛིན་བཟུང་བཀག་ཉར་དང་། རྒྱལ་མཚམས་ལས་བརྒལ་བའི་འཇིགས་སྐུལ་བྱེད་ཤུགས་ཆེ་རུ་གཏོང་ངེས་ཡིན་པ་གསུངས་སོང་།
གཞི་རྩའི་ལེའུ་དྲུག་ཅན་གྱི་ཁྲིམས་ཡིག་འཆར་ཟིན་དེའི་ལེའུ་གཉིས་པ་ཐུན་མོང་གི་སྙིང་སྟོབས་ཁྱིམ་གཞིས་འཛུགས་སྐྲུན་ཞེས་པའི་ལེའུ་ ༡༥ པའི་ནང་དུ། རྒྱལ་ཁབ་ཀྱིས་ཕྱོགས་ཡོངས་ནས་ཡོངས་ཁྱབ་ཅན་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་དུ་བཏང་སྟེ། སློབ་ལོ་མ་སོན་པའི་བྱིས་པས་རྒྱའི་སྤྱི་སྐད་བཤད་ཤེས་པར་སྐུལ་འདེད་གཏོང་དགོས་སྐོར་བཀོད་ཡོད་པ་དང་། ལེའུ་གཉིས་པའི་དོན་ཚན་ ༡༩ པའི་ནང་ཚགས་པར་དང་རླུང་འཕྲིན། བརྙན་འཕྲིན་ཁང་། དེ་བཞིན་སྤྱི་ཚོགས་བརྒྱུད་ལམ་ཁག་གིས་ཀྲུང་ཧྭ་མི་རིགས་ཀྱི་སྤྱི་ཚོགས་འདུ་ཤེས་ཟབ་ཏུ་གཏོང་བ་དང་། འཛམ་གླིང་ཡོངས་སུ་ཀྲུང་ཧྭ་མི་རིགས་དང་ཀྲུང་ཧྭའི་རིག་གནས་ལ་གོ་རྟོགས་དང་ངོས་འཛིན་སྔར་ལས་ཡག་པོ་ཡོང་བར་སྐུལ་འདེད་གཏོང་དགོས་སྐོར། དེ་བཞིན་ཁྲིམས་འཆར་གྱི་དོན་ཚན་ ༢༠ (༢) ནང་། ནར་མ་སོན་པའི་བྱིས་པའི་ཕ་མའམ་ལྟ་སྐྱོང་བྱེད་མཁན་གཞན་དག་གིས་ཁྲིམས་ལྟར་ཁྱིམ་ཚང་གི་སློབ་གསོའི་འགན་འཁྲི་བསྒྲུབས་ཏེ། ནར་མ་སོན་པའི་བྱིས་པར་ཀྲུང་གོ་གུང་ཁྲན་ཏང་ལ་དགའ་ཞེན་དང་མེས་རྒྱལ་ལ་དགའ་ཞེན། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་གི་འདུ་ཤེས་གསོ་སྐྱོང་བྱེད་དགོས་པ་ལས། མི་རིགས་མཐུན་སྒྲིལ་དང་ཡར་རྒྱས་ལ་གནོད་པའི་བསམ་བློའི་རིགས་རྒྱུད་ལ་འཇགས་སུ་འཇུག་མི་རུང་སྐོར་སོགས་བཀོད་ཡོད་པ་རེད།



