དེ་རིང་སྟེ། ཟླ་ ༦ ཚེས་ ༩ ཉིན་ཡུ་རོབ་ཀྱི་སེམས་དང་སྲོག་གི་ཚོགས་པས་གོ་སྒྲིག་ཞུས་དོན་ལྟར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡུ་རོབ་སེམས་དང་སྲོག་གི་སྡེ་ཚན་གྱི་ཚོགས་མི་ Pier Luigi Luisa ལགས་དང་། Amy Cohen Varel ལགས། དེ་བཞིན་ Elena Antonova བཅས་དང་ལྷན་དུ་མགོན་པོ་༸གང་ཉིད་མཆོག་གི་མཛའ་གྲོགས་དམ་པ་ Chile རྒྱལ་ཁབ་ཀྱི་ཚན་རིག་པ་དང་ལྟ་གྲུབ་པ་གྲགས་ཅན་སྐུ་ཞབས་Francisco Varela ལགས་ལ་རྗེས་དྲན་དང་འབྲེལ་འཛམ་གླིང་བཟང་ཕྱོགས་སུ་བསྐྱོད་ཚུལ་ཞེས་པའི་བརྗོད་གཞིའི་ཐོག་རྒྱ་གར་གྱི་སྔ་དྲོ་ཆུ་ཚོད་ ༩ ནས་ ༡༠ བར་དྲ་ལམ་བརྒྱུད་བཀའ་སློབ་ལམ་སྟོན་དང་འབྲེལ་བཀའ་འདྲི་དགོངས་སྐོར་ཞུས་པ་ཁག་ཅིག་ལ་བཀའ་ལན་སྩལ་སོང་།
དེ་རིང་གི་བཀའ་སློབ་ཀྱི་ཐོག་མར་༸གོང་ས་མཆོག་གིས་མགོན་པོ་༸གང་ཉིད་མཆོག་སྐུ་ན་གཞོན་དུས་ནས་འཕྲུལ་རིགས་ལ་ཐུགས་མཉེས་པོ་གནང་མཁན་ཞིག་ཡིན་པར་བཀའ་སྩལ་ཏེ། མགོན་པོ་མཆོག་སྐུ་ན་ཕྲ་བའི་སྐབས་སུ་སྐུ་གོང་མའི་སྐབས་ཀྱི་བརྙན་སྟོན་འཕྲུལ་ཆས་ཤིག་ཡོད་པ་དེར་ཡང་ཡང་གཟིགས་དཔྱད་གནང་སྟེ་འཕྲུལ་ཆས་དེས་གློག་ཇི་ལྟར་ཐོན་སྐྱེད་བྱེད་བཞིན་ཡོད་པའི་སྐོར་ལ་ཡང་ཡང་དགོངས་པ་བཞེས་ཀྱི་ཡོད་པར་བཀའ་སྩལ་བ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་གི་མཛའ་གྲོགས་དམ་པ་ Francisco Varela ལགས་ཀྱང་ཕྱོགས་གཅིག་ནས་ཚན་རིག་པ་དང་ཕྱོགས་གཞན་ཞིག་ནས་ནང་པའི་ལྟ་སྤྱོད་ལ་སློབ་སྦྱོང་གནང་མཁན་ཞིག་ཡིན་པ་ལྟར། ༸གོང་ས་མཆོག་ཀྱང་གྲོགས་པོ་ཁོང་ལྟར་ནང་པའི་ལྟ་སྤྱོད་དང་ཚན་རིག་ལ་ཐུགས་མཉེས་པོ་གནང་མཁན་ཞིག་ཡིན་པའི་ཆ་ནས་གྲོགས་པོ་ཁོང་དུས་རྒྱུན་ནས་དྲན་གསོ་མཛད་ཀྱི་ཡོད་པ་མ་ཟད། མགོན་པོ་༸གང་ཉིད་མཆོག་གི་གཟིམ་ཆུང་དུ་ཁོང་གི་སྐུ་པར་ཞིག་ཡོད་པར་བཀའ་སྩལ་ཏེ་སྐུ་ཞབས་ Varela ལགས་ཀྱི་སྐྱེ་བ་རྗེས་མ་དེ་མགོན་པོ་མཆོག་དང་ཐག་ཉེ་བའི་འཁོར་ཞིག་ཏུ་འཁྲུངས་བའི་ཐུགས་རེ་ཡོད་པར་བཀའ་སྩལ་སོང་།
དེ་བཞིན་མགོན་པོ་མཆོག་གིས་འཛམ་གླིང་བཟང་ཕྱོགས་སུ་བསྐྱོད་ཚུལ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་བར་དེང་རབས་ཀྱི་དུས་སྐབས་འདིར་འཛམ་གླིང་གི་ས་ཕྱོགས་གང་སར་གོ་མཚོན་སོགས་ཀྱིས་གཙོས་པའི་ཕྱིའི་དངོས་པོའི་འཕེལ་རྒྱས་ཧ་ཅང་ཆེན་པོ་ཕྱིན་ཡོད་ནའང་། མིའི་རིགས་ཀྱི་ནང་བསམ་པའི་དཔལ་ཡོན་དེ་ད་དུང་ཡང་རང་ལྟ་མཆོག་འཛིན་གྱི་ངོ་བོར་གནས་ཡོད་སྟབས་ང་དང་ངའི་རྒྱལ་ཁབ་དང་ཆོས་ལུགས་སོགས་ཀྱི་ལྟ་བའི་འོག་ནས་མི་ཕན་ཚུལ་བར་དང་སྡེ་ཚན་བྱེ་བྲག་གི་བར་དུ་དགྲར་འཛིན་གྱི་བསམ་བློ་ཡོང་གི་ཡོད་པ་དེ་ནི་ནོར་འཁྲུལ་ཞིག་ཡིན་པར་བཀའ་སྩལ་ཏེ། འཛམ་གླིང་གི་མི་འབོར་ཐེར་འབུམ་བདུན་ཡོད་པ་དེ་ཚང་མ་གཅིག་གྱུར་ཡིན་པར་བཀའ་སྩལ་ནས་ད་ཆ་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་ཇེ་ཆེར་འགྲོ་བཞིན་ཡོད་པའི་སྐབས་འདིར་འགྲོ་མ་མི་ཡོངས་ནས་གཅིག་གྱུར་ཐོག་གདོང་ལེན་གནང་གལ་ཡིན་པ་དང་དེ་བཞིན་འགྲོ་བ་མིའི་གཅིག་གྱུར་གྱི་འདུ་ཤེས་རྒྱ་སྐྱེད་གནང་གལ་ཡིན་པར་བཀའ་སྩལ་ཡོད།
དེ་བཞན་༸གོང་ས་མཆོག་གིས་༸གང་ཉིད་ཀྱི་ཐུགས་བསྐྱེད་དམ་བཅའ་དང་འབྲེལ་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་གནང་གལ་ཡིན་པར་བཀའ་སྩལ་ཏེ་བོད་མཐོ་སྒང་ནི་གངས་རི་དང་གཙང་པོ་མང་པོའི་འབྱུང་ཁོངས་ཡིན་སྟབས། བོད་དང་ས་འབྲེལ་ཡོད་པའི་ཨེ་ཤ་ཡའི་རྒྱལ་ཁབ་མང་པོ་ཞིག་གི་མང་ཚོགས་ཁྲི་སྟོང་མང་པོ་བོད་ཀྱི་གཙང་པོ་ཁག་ལ་བརྟེན་ཡོད་པར་བཀའ་སྩལ་ཏེ་འགྲོ་མ་མིའི་རིགས་ཀྱིས་རང་བྱུང་སྐྱེ་ཁམས་ལ་བདག་གཅེས་གནང་གལ་ཡིན་སྐོར་གྱི་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ་སོང་།
བཀའ་འདྲི་དགོངས་སྐོར་གྱི་མཛད་རིམ་སྐབས་སུ་སྐུ་ཞབས་དམ་པ། Francisco Varela ལགས་ཀྱི་སྐུ་ཟླས་མགོན་པོ་༸གང་ཉིད་མཆོག་གིས་ལོ་མང་རིང་ལ་ཚན་རིག་པ་དང་མཉམ་དུ་འབྲེལ་འདྲིས་མཛད་པའི་ཁྲོད་ཐུགས་ཕན་གསོས་པ་གང་དག་བྱུང་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་མགོན་པོ་མཆོག་གིས་༸གང་ཉིད་མཆོག་ནི་ནང་པའི་དགེ་སློང་ཞིག་ཡིན་སྟབས། དུས་རྒྱུན་ནས་འགྲོ་བ་མིའི་རིགས་ཀྱི་བདེ་རྩར་དགོངས་བཞེས་མཛད་ཀྱི་ཡོད་སྐོར་བཀའ་སྩལ་དང་སྦྲགས་ཏེ་མགོན་པོ་༸གང་ཉིད་མཆོག་གིས་བྱ་བཞག་ཆུང་ཆུང་ཞིག་ཡིན་ནའང་སྤྱི་ལ་ཕན་ཐོགས་རེ་འབྱུང་རྒྱུའི་ཐུགས་རེ་མཛད་ནས་རྣམ་ཀུན་ནས་ཚན་རིག་པ་རྣམས་དང་འབྲེལ་འདྲིས་མཛད་སྐོར་བཀའ་ལན་སྩལ་སོང་།
དེ་བཞིན་སེམས་དང་ཚན་རིག་གིས་ཅི་ལྟར་འགྲོ་བ་མིའི་རིགས་ཀྱི་བདེ་རྩ་དང་འབྲེལ་འདྲིས་གོང་སྤེལ་གནང་ཐབས་ཀྱི་བཀའ་འདྲི་ཞུས་པར་མགོན་པོ་མཆོག་གིས་འཛམ་གླིང་གི་མི་འབོར་ཐེར་འབུམ་བདུན་ལྷག་ཡོད་པ་དེ་མཉམ་རུབ་ཀྱི་ཐོག་ནས་གཅིག་ལ་གཅིག་ལ་བརྟེན་གྱིས་འཚོ་དགོས་དུས་འགྲོ་བ་མི་ཡོངས་རྫོགས་གཅིག་གྱུར་གྱི་འདུ་ཤེས་ཡོད་པའི་ཐོག་ནས་མཉམ་གནས་བྱེད་རྒྱུ་གལ་ཆེན་པོ་ཡིན་སྟབས། རང་ལྟ་མཆོག་འཛིན་གྱིས་ཕན་ཚུལ་དབར་ལ་འཁྲུག་པ་བརྒྱབ་ནས་བསྡད་ན་རང་གཞན་སུ་ལ་ཡང་ཕན་ཐོགས་མེད་པས་དགའ་དགའ་སྤྲོ་སྤྲོའི་ངང་མཉམ་གནས་བྱ་རྒྱུར་ཀུན་གྱིས་ཧུར་བརྩོན་གནང་དགོས་པའི་ལམ་སྟོན་མཛད་ཡོད།




