འབྲས་སྤུངས་སྒོ་མང་གྲྭ་ཚང་གིས་ཉེ་ཆར་དགོན་པའི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་བའི་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་ཀྱི་གནད་དོན་ཐད་སླར་ཡང་ཚོགས་འདུ་འཚོགས་པའི་རྗེས་སུ། སྤྱི་འཐུས་རང་ཉིད་སྤྱི་མི་ཚད་ལྡན་ཞིག་གི་ལམ་ནས་བསྟན་འགྲོར་སྨན་པའི་ཕྱག་ལས་མིག་དཔེར་འོས་པ་གནང་བ་སོགས། བློ་ལྡན་སྐྱེ་བོ་སུས་བལྟས་ཀྱང་སྔར་གྱི་ཉེས་པའི་རིགས་དག་འདུག་སྙམ་པ་དང༌། སྤྱི་དོན་སླད་མཛད་རྗེས་གང་ལེགས་བཞག་སྟེ་ཀུན་གྱིས་བསྔགས་པའི་ཡུལ་དུ་གྱུར་ཚེ་གྲྭ་ཚང་རིན་པོ་ཆེར་བསྐྱར་དུ་ཞུགས་པའི་གོ་སྐབས་ཤིག་བསྐྲུན་རྒྱུའི་ཐག་གཅོད་གནང་འདུག

རྩ་བའི་སྔ་ལོའི་ཕྱི་ཟླ་ ༡༢ ཚེས་ ༢༧ ཉིན་གནས་ཆུང་ཆོས་རྒྱལ་ཆེན་པོའི་སྤྱན་འདྲེན་ཁྲོད། རེ་བོ་དགེ་ལུགས་པའི་མགྲིན་ཚབ་མིང་ཅན་རེ་པ་གཉིས་ནས་ངག་བློ་ཐལ་ཏེ་གང་བྱུང་བྱ་ངན་དང་། ༸གོང་ས་མཆོག་ལ་མཚན་སྨད་ཞུ་བ། དེ་བཞིན་བོད་ཀྱི་རྩ་དོན་དོར་ཏེ་ཆོལ་ཁ་ཆོས་ལུགས་འཐེན་འཁྱེར་བགྱིས་པ་སོགས་ཀྱི་བཀའ་ལུང་ཕེབས་པ་དང་འབྲེལ། འབྲས་སྤུངས་བླ་སྤྱི་ནས་བཀའ་ལུང་ནང་གསུངས་པའི་དགེ་ལུགས་པའི་མགྲིན་ཚབ་མིང་ཅན་རེ་པ་གཉིས་པོ་ད་ལྟའི་དགེ་ལུགས་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་དང་། དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས་གཉིས་ཡིན་པར་ངོས་འཛིན་གྱིས། ཁོང་གཉིས་ལ་འགྱོད་བཤགས་དང་ཕྱིན་ཆད་མི་བྱེད་པའི་དམ་བཅའ་འཇོག་དགོས་པའི་སྐུལ་མ་གནང་བ་བཞིན། འདི་ལོའི་ཕྱི་ཟླ་ ༡ ཚེས་ ༢༠ ཉིན་སྤྱི་འཐུས་རྣམ་གཉིས་ནས་འབྲས་སྤུང་ཚོགས་ཆེན་འདུན་དུ་འགྱོད་བཤགས་དང་ཕྱིན་ཆད་མི་བྱེད་པའི་དམ་བཅའ་འཇོག་གནང་ཡོད་པ་རེད། དེ་རྗེས་ཟླ་བ་འདིའི་ཚེས་ ༡༠ ཉིན་འབྲས་སྤུང་སྒོ་མང་གྲྭ་ཚང་གིས་ཡོངས་ཁྱབ་གསལ་སྒྲགས་ཞིག་སྤེལ་བའི་ནང་དུ། དོ་དག་སྤྱི་འཐུས་ནས་ཉེ་ལམ་ཕྱི་ཟླ་ ༣ པའི་ནང་འཚོགས་པའི་སྐབས་ ༡༧ པའི་གྲོས་ཚོགས་མཐའ་མའི་སྐབས་གནད་དོན་བསྐྱར་གླེང་གིས་གནས་ཆུང་ཆོས་རྒྱལ་ཆེན་མོའི་བཀའ་ལུང་དེ་རྫུན་མ་ཡིན་ཚུལ་དང༌། གནས་ཆུང་གི་བཀའ་ལུང་དེ་ལ་ངོས་ལེན་བྱེད་ཐབས་མེད་ཚུལ་སོགས་བསྒྲགས་པ་མ་ཟད། ༸རྒྱལ་བའི་སྐུ་འཁོར་བགྲེས་པ་རྣམས་དང༌། གནས་ཆུང་ཆོས་རྒྱལ་ཆེན་པོའི་སྐུ་རྟེན་བཅས་པར་གཞི་མེད་སྐུར་འདེབས་ཀྱིས་སྐྱོན་འཛུགས་བྱས་པ་དེ་ནི། འདས་པའི་ལོ་རྒྱུས་ཀྱི་དུས་ཡུན་རིང་པོའི་ནང་དཔལ་ལྡན་དགའ་ལྡན་ཕོ་བྲང་དང་མི་མང་བར་གྱི་དམ་ཚིག་ལ་དབྱེན་གྱི་སྦྱོར་བ་བརྩམས་པ་ཞིག་དང༌། དེ་སྔ་འབྲས་སྤུངས་སུ་སྔར་བྱས་ལ་འགྱོད་བཤགས་དང༌། ཕྱིན་ཆད་དེ་རིགས་མི་བྱེད་པའི་ཁས་ལེན་དམ་བཅའ་བྱས་པ་དེ་དག་རང་ཉིད་ཀྱིས་དངོས་སུ་རྩིས་མེད་རྡོག་རོལ་བཏང་བ་ཞིག་ཆགས་པར་ངོས་འཛིན་དང་འབྲེལ། གྲྭ་ཚང་སྤྱི་མོས་ཀྱི་གྲོས་ཆོད་འོག དགེ་ལུགས་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་གྲྭ་ཚང་དེ་ཉིད་ཀྱི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་བ་མ་ཟད། སླད་ཕྱིན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་སྐྱིད་སྡུག་འོག་ཡོད་པ་སུའང་སྲིད་སྤྱིའི་འོས་འགྲན་ནང་བཞུགས་མི་ཆོག་པ་སོགས་ཀྱི་བཀོད་ཁྱབ་བཏང་ཡོད་པ་རེད།
ཉེ་ཆར་ཟླ་བ་འདིའི་ཚེས་ ༡༩ ཉིན་འབྲས་སྤུང་སྒོ་མང་གྲྭ་ཚང་གིས་བསྐྱར་དུ་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་བའི་ནང་དུ། འབྲས་སྤུངས་སྒོ་མང་ཧར་གདོང་ཁམས་ཚན་དང་ཝ་ཤུལ་མི་ཚན་སོགས་ཀྱི་ངོས་ནས། དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་གྱི་ཆེད་དུ་གྲྭ་ཚང་ལ་ཡིག་ངག་གཉིས་ཐོག་ནས་རེ་སྐུལ་ངོ་ཆེན་ཞུས་པ་མ་ཟད། དོ་བདག་ཁོང་རང་དངོས་སུ་གྲྭ་ཚང་ལ་ཆེད་བཅར་གྱིས་ཞུ་འབོད་བྱས་པར་བརྟེན། གྲྭ་ཚང་གི་ངོས་ནས་དགོངས་པ་རྒྱ་ཆེན་པོ་བཞེས་ཏེ་ཚོགས་འདུའི་འགྲོ་ལུགས་དང་འགལ་མིན་ལ་མ་ལྟོས་པར་དམིགས་བསལ་ཚོགས་འདུ་བསྡུ་སྐོང་གནང་ཡོད་པ་དང་། དེའང་ཞུ་འབོད་དང་ངོ་ཆེན་ལ་ཚད་མཐོའི་ཆེ་མཐོང་སྤྲད་པའི་ཐོག་ནས་གནང་ཡིན་པ་མ་ཟད། ཚོགས་འདུའི་ཐོག་དོ་བདག་སྤྱི་འཐུས་ལ་རེ་སྐུལ་ཞུ་འབོད་ཀྱི་གཏམ་བཤད་ཞུ་རྒྱུའི་གོ་སྐབས་ཆ་ཚང་གནང་བའི་རྗེས་སུ། དུས་ཡུན་ཆུ་ཚོད་གསུམ་ཙམ་རིང་གནད་དོན་དེ་དང་འབྲེལ་བའི་ཐད་བགྲོ་གླེང་ལྷུག་པོ་གནང་རྗེས། གྲྭ་ཚང་གི་ངོས་ནས་ཁས་ལེན་ཙམ་གཙོ་བོར་མི་འཛིན་པར་དེ་དག་བྱ་སྤྱོད་ཀྱི་ལམ་ནས་གསལ་བར་བྱས་ཏེ་གྲུབ་འབྲས་མངོན་ཐུབ་པ་ཞིག་གལ་ཆེན་དུ་བརྩི་བས་ན། རང་ཉིད་སྤྱི་མི་ཚད་ལྡན་ཞིག་གི་ལམ་ནས་བསྟན་འགྲོར་སྨན་པའི་ཕྱག་ལས་མིག་དཔེར་འོས་པ་གནང་བ་སོགས། བློ་ལྡན་སྐྱེ་བོ་སུས་བལྟས་ཀྱང་སྔར་གྱི་ཉེས་པའི་རིགས་དག་འདུག་སྙམ་པ་དང༌། སྤྱི་དོན་སླད་མཛད་རྗེས་གང་ལེགས་བཞག་སྟེ་ཀུན་གྱིས་བསྔགས་པའི་ཡུལ་དུ་གྱུར་ཚེ་གྲྭ་ཚང་རིན་པོ་ཆེར་བསྐྱར་དུ་ཞུགས་པའི་གོ་སྐབས་ཤིག་ཡོད་པ་ཡིན། དེ་ཡང་རེ་སྐུལ་སྙན་ཞུ་བརྒྱུད་ཁྲིམས་སྒྲིག་དང་མཐུན་པའི་སྒོ་ནས་གྲྭ་ཚང་གི་ཚོགས་འདུ་རྒྱས་པ་བསྐོང་དགོས་པ་མ་ཟད། སྐབས་དེར་ལས་སྣེ་སུ་ཡིན་ལ་མ་ལྟོས་པར་གྲྭ་ཚང་རིན་པོ་ཆེའི་སྒྲིག་ཁོངས་སུ་ཕྱིར་འཇུག་མིན་གྱི་དབང་ཚད་ཆ་ཚང་ཚོགས་འདུ་རྒྱས་འཛོམས་སར་ཡོད་པ་ཡིན་ཞེས་ཐག་གཅོད་གནང་འདུག
འབྲས་སྤུངས་སྒོ་མང་གྲྭ་ཚང་གིས་གསལ་བསྒྲགས་ནང་ད་དུང་། དོ་བདག་སྤྱི་འཐུས་ནས་དཔལ་ལྡན་འབྲས་དཀར་སྤུངས་པའི་ཚོགས་འདུ་རྒྱས་འཛོམས་སར་ཐག་གཅོད་གཏན་འབེབས་གནང་བའི་དགོངས་དོན་དང་འགལ་འཛོལ་བྱུང་བ་ཡིན་སྟབས། གྲྭ་ཚང་ནས་ཉིན་ཤས་གོང་ཉེས་ཆད་ཐག་གཅོད་གནང་དོན་ཡང་དེ་ཡིན་པ་ལས། ད་རེས་ཀྱི་ཚོགས་འདུ་དེའི་ཐོག་སྔར་གྱི་གྲོས་ཆོད་ལ་བསྒྱུར་བ་གཏོང་བའི་གནས་བབ་གང་ཡང་མེད་པ་མངོན་གསལ་གནང་འདུག
ཟླ་བ་འདིའི་ཕྱི་ཚེས་ ༢༢ ཉིན་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས་རང་ཉིད་ཀྱི་ Youtube བརྒྱུད་ལམ་ཐོག་བརྙན་ཐུག་ཞིག་འདོན་སྤེལ་གནང་བའི་བརྒྱུད། ཉེ་ཆར་འབྲས་སྤུངས་སྒོ་མང་གྲྭ་ཚང་གིས་ཁོང་དགོན་པའི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་བའི་གནས་ཚུལ་ཐོས་མ་ཐག་སེམས་ཕམ་ཚད་མེད་བྱུང་བ་དེ་ལྟར་ཡང་། སྐབས་དེར་ཁོང་ནས་རང་ཉིད་ལ་ཐུག་འཁུར་སེམས་འཚབ་གནང་མཁན་ཚོར་བོད་ཀྱི་རྩ་དོན་སྤྱི་དང་སྒོས་སུ་གྲྭ་ཚང་རིན་པོ་ཆེ་ལ་བསམ་བློ་བཏང་བའི་ཐོག་ནས་ཚོར་བའི་དབང་དུ་འགྲོ་རྒྱུ་མེད་པའི་རེ་སྐུལ་ནན་གཏན་ཞུས་ཡོད་པ་གསུངས་འདུག དེ་རྗེས་ཁོང་གི་སྤུན་ཉེ་འབྲེལ་ཚོ་དང་། ཁོང་གི་འཛིན་གྲྭ་དང་ཁང་ཚན་གཅིག་པ་ཚོའི་དགོན་པའི་མཁན་པོ་དང་ལས་གནས་ཁག་ལ་བཅར་ཏེ་ཡིག་ངག་གཉིས་ཀའི་ཐོག་ནས་བདེ་སྡུག་སྙན་སེང་ཞུས་ཡོད་པ། དེ་བཞིན་ཁོང་གི་ཁམས་ཚན་ནས་ཁོང་རང་ཉིད་དགོན་པར་བཅར་ན་ལེགས་པའི་དགོངས་ཚུལ་ཕེབས་པ་བཞིན་ཁོང་དགོན་པར་ཕེབས་ཏེ་མཁན་རིན་པོ་ཆེ་དང་། དགེ་བསྐོས། ཕྱག་མཛོད་རྒན་པ་ཚོའི་དྲུང་དུ་བཅར་ཏེ་བདེ་སྡུག་སྙན་སེང་ཞུས་པའི་རྗེས་སུ། ཕྱི་ཚེས་ ༡༩ ཉིན་དགོན་པའི་ཚོགས་འདུ་རྒྱལ་འཛོམས་འཚོག་རྒྱུའི་ཐག་གཅོད་གནང་བ་བཞིན་ཚོགས་འདུ་འཚོགས་ཡོད་པ་དང་། གྲྭ་ཚང་གི་གསལ་བསྒྲགས་ནང་གསལ་བ་བཞིན། ཚོགས་འདུ་དེའི་ཐོག་དེ་སྔའི་གྲོས་ཆོད་ཕྱིར་འཐེན་གནང་རྒྱུ་མིན་ཡང་། མ་འོངས་པར་སྤྱི་འཐུས་ཁོང་དགོན་པའི་ནང་བསྐྱར་ཞུགས་ཀྱི་གོ་སྐབས་གནང་རྒྱུའི་ཐག་གཅོད་གནང་བ་སོགས་ཀྱི་བརྒྱུད་རིམ་ངོ་སྤྲོད་དང་འབྲེལ། ཁོང་ནས་གྲྭ་ཚང་རིན་པོའི་ཆེའི་ཐག་གཅོད་དང་མ་འོངས་གོ་སྐབས་འདི་རྩིགས་ཆེན་དུ་འཛིན་པའི་ཐོག་ནས་དྭང་ལེན་གནང་རྒྱུའི་ཐག་གཅོད་གནང་ཡོད་པ་དང་། དེའང་གཙོ་བོ་ཁོང་གི་གྲྭ་ཚང་གི་གནས་སྟངས་ལ་དོ་ཕོག་མི་འགྲོ་བ་དང་། ༸གོང་ས་མཆོག་གི་དགོངས་པ་མི་འཁྲུག་པའི་ཆེད་དུ་རང་ཉིད་ཀྱི་ཐག་གཅོད་དེ་ལྟར་གནང་ཡོད་པ་དང་། ཁོང་ལ་རྒྱབ་སྐྱོར་ཐུགས་འཁུར་གནང་མཁན་ཚང་མས་ངོས་ནས་ཁོང་གི་ཐག་གཅོད་ལ་རྒྱབ་སྐྱོར་མོས་མཐུན་གནང་དགོས་པའི་རེ་སྐུལ་ཞུས་གནང་འདུག




