Tibetan Royal Year of 2151 | Year of the Wood Dragon

འཛམ་གླིང་ས་ཕྱོགས་གང་སར་ལས་རིམ་རྣམ་པ་འདྲ་མིན་ཐོག་རྒྱལ་བའི་འཁྲུངས་སྐར་སྲུང་བརྩི་ཞུ་འགོ་བཙུགས་འདུག

Tibetan News Headlines

  • Dalai Lama’s 89th birthday marked in French Senate
  • UN Member States urged to press Beijing on UPR recommendations
  • 2nd International Tibet Youth Forum concludes
  • Labor Party wins UK General Election; Keir Starmer succeeds Sunak as next British PM

རེས་གཟའ་པ་སངས། ༢༠༢༤།༠༧།༠༥

  • ཧྥ་རན་སིའི་གྲོས་ཚོགས་སུ་༸སྐུའི་འཁྲུངས་སྐར་སྲུང་བརྩི་དང་སོག་ཡུལ་དུ་སྙིང་རྗེའི་དུས་སྟོན་སྒོ་ནས་འཁྲུངས་སྐར་བསུ་བརྩི་ཞུ་རྒྱུ།
  • རྒྱལ་ཚོགས་ངོས་ནས་དུས་བཀག་བསྐྱར་ཞིབ་ཀྱི་རྒྱབ་གཉེར་ཐད་རྒྱ་ནག་ལ་གནོན་ཤུགས་ཇེ་ཆེར་སྤྲོད་དགོས།
  • རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གཉིས་པ་མཇུག་སྒྲིལ།
  • ཨིན་ཡུལ་འོས་བསྡུའི་ནང་ངལ་རྩོལ་ཚོགས་པར་རྒྱལ་ཁ་ཐོབ་པ།

འདི་ལོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལུགས་ལྟར་གུང་གྲངས་ ༩༠ ཕེབས་ཀྱི་ཡོད་པ་དང་བསྟུན། འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་གཞུང་འབྲེལ་མཛད་སྒོ་དང་མཚན་ཚོགས་དེ་བཞིན་བོད་ཀྱི་རྒྱལ་དར་འགྲེངས་འཛུགས་དང་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་ཐོག་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་འཁྲུངས་སྐར་གྱི་འཚམས་འདྲིའི་སྦྱར་ཡིག་སྤེལ་བ་སོགས་ཀྱི་བརྒྱུད་ནས་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་འགོ་ཚུགས་འདུག

HHDL Birthday worldwide

དེ་ཡང་འདི་ལོ་༸གོང་ས་མཆོག་བོད་ལུགས་ལྟར་གུང་གྲངས་ ༩༠ ཕེབས་པའི་དགའ་སྟོན་དང་ལྷག་པར་དུ་ཉེ་ཆར་༸གོང་ས་མཆོག་གིས་ཞབས་པུས་སྨན་བཅོས་ཀྱང་ལེགས་སྒྲུབ་ཟིན་ཙམ་དང་བསྟུན། ཐའེ་ཝན་ནང་དུ་ཕྱི་ཟླ་ ༦ པའི་ཚེས་ ༢༣ ཉིན་ཐའེ་ཝན་བོད་བརྒྱུད་ནང་བསྟན་མཐུནཚོགས་ཀྱི་གོ་སྒྲིག་འོག་ཞབས་རིམ་གསོག་སྒྲུབ་དང་ཟླ་བ་འདིའི་ཚེས་ ༢༩ ཉིན་ཡུལ་དེའི་ཀའོ་ཞུང་གྲོང་ཁྱེར་དུ་སྐུའི་འཁྲུངས་སྐར་སྲུང་བརྩིའི་རོལ་དབྱངས་འདུ་འཛོམས་ཆེན་མོ་ཞིག་སྐོང་ཚོགས་གནང་བ་དང་། དེ་བཞིན་ཕྱི་ཟླ་ ༦ པའི་ཚེས་ ༣༠ ཉིན་ཐའེ་ཝན་སྐུ་ཚབ་དོན་ཁང་གི་གོ་སྒྲིག་འོག་རྒྱལ་ས་ཐའེ་སྤེ་ནང་དུ་སྐུའི་འཁྲུངས་སྐར་སྲུང་བརྩི་དང་འབྲེལ་བའི་མཛད་སྒོ་ཚོགས་ཟིན་པ་མ་ཟད། ཟླ་བ་འདིའི་ཚེས་ ༦ ཕྱི་ལུགས་ཀྱི་འཁྲུངས་སྐར་ཉིན་ཐའེ་སྤེ་རྒྱལ་ས་ནང་དུ་སླར་ཡང་མཚན་ཚོགས་ཞིག་ཚོགས་གཏན་ཁེལ་འདུག

HHDL Birthday worldwide

དེའི་སྐོར་ཐའེ་ཝན་སྐུ་ཚབ་དོན་གཅོད་སྤྱི་ཟུར་སྐལ་བཟང་རྒྱལ་མཚན་ལགས་སུ་བཀའ་འདྲི་ཞུས་ཡོད།

ཕྱོགས་མཚུངས་ཕྱི་ཟླ་ ༦ པའི་ཚེས་ ༢༩ ཉིན་ཡོ་རོབ་རྒྱལ་ཁབ་ Belgium ནང་དུ་རྟེན་གཞིས་བྱས་པའི་མདོ་སྨད་ཚོགས་པའི་ས་གནས་རྒྱུན་ལས་རྣམ་པའི་གོ་སྒྲིག་འོག ཡུལ་དེའི་ Aarschot གྲོང་ཁྱེར་ནང་དུ་རྒྱལ་བའི་འཁྲུངས་སྐར་ཀྱི་མཛད་སྒོ་ཟབ་རྒྱས་ཞིག་ཚོགས་པའི་ཐོག བོད་ཀྱི་སྒྲ་སྒྱུར་དང་ཉམས་ཞིབ་ལྷན་ཁང་གི་འགན་འཛིན་དགེ་བཤེས་ལུང་རྟོགས་ལགས་དང་། སྦེལ་ཇམ་སྐུ་ཚབ་དོན་ཁང་གི་དྲུང་ཆེ་འཕྲིན་ལས་དབང་འདུས་ལགས། དེ་བཞིན་ཧི་མ་ལ་ཡའི་སྒྲོལ་མ་ཆོས་ཚོགས་ཀྱི་འགན་འཛིན་དང་བཤད་སྒྲུབ་བསྟན་རྒྱས་གླིང་ཆོས་ཚོགས་ཀྱི་འགན་འཛིན། ས་གནས་གཞོན་ནུ་དང་བུད་མེད། ས་གནས་དབུས་གཙང་དང་མོད་ཁམས་ཆུ་བཞི་སྒང་དྲུག་བཅས་ཀྱི་སྐུ་ཚབ། དེ་བཞིན་ཆོས་རིག་འཛིན་སྐྱོང་ཁང་གི་གཟའ་མཇུག་སློབ་གྲྭའི་འགན་འཛིན་བཅས་ཀྱི་གཙོས་པའི་ས་གནས་བོད་མི་མང་ཚོགས་རྣམས་ནས་མཉམ་བཞུགས་གནང་འདུག

HHDL Birthday worldwide

གཞན་ཡང་ལོ་ལྟར་རྒྱལ་སྤྱིའི་ཁྲོད་བོད་མི་གནས་སྡོད་ཡོད་སའི་གྲོང་ཁྱེར་ཁག་གཅིག་ནས་བོད་མིར་གདུང་སེམས་མཉམ་བསྐྱེད་དང་༸གོང་ས་མཆོག་ལ་ཆེ་བསྟོད་སོགས་ཀྱི་ཚུལ་དུ་གྲོང་སྡེ་ལས་ཁུངས་ཀྱི་འདུན་དུ་བོད་ཀྱི་རྒྱལ་དར་འགྲེངས་འཛུགས་གནང་རྒྱུའི་ལམ་སྲོལ་ཞིག་ཡོད་པ་བཞིན། ད་ལན་ Australia  ནང་གི་རི་སྔོན་པོ་འམ་ Blue Mountain གྲོང་སྡེ་ལས་ཁུངས་ཀྱི་ངོས་ནས་རྒྱལ་བའི་འཁྲུངས་སྐར་དང་བསྟུན་གྲོང་སྡེ་ལས་ཁུངས་ཀྱི་འདུན་དུ་གཞུང་འབྲེལ་ཐོག་བདུན་ཕྲག་གཅིག་རིང་བོད་ཀྱི་རྒྱལ་དར་འགྲེངས་འཛུགས་གནང་བཞིན་པ་མ་ཟད། ས་ཁུལ་དེའི་ནང་གི་ Neura ཞེས་པའི་མི་འཛོམས་མང་སའི་ས་ཁུལ་དུ་ཕྱི་ཟླ་ ༧ པ་ཆ་ཚང་རིང་བོད་ཀྱི་རྒྱལ་དར་འགྲེངས་འཛུགས་གནང་བཞིན་འདུག

དེའི་སྐོར་ Blue Mountain ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཞོན་ཤེལ་དགེ་འདུན་ལགས་སུ་བཀའ་འདྲི་ཞུས་པ་གོང་གི་སྒྲ་སྒམ་ནས་གསན་ཐུབ།

HHDL Birthday worldwide

ཕྱོགས་མཚུངས་ཉེ་ཆར་༸གོང་ས་མཆོག་ཨ་རིར་ཆིབས་འགྱུར་མཛད་པ་དང་རྒྱལ་བའི་འཁྲུངས་སྐར་སླེབས་ལ་ཉེ་བ་དང་བསྟུན་ནས་ཨ་རིའི་མི་ནི་སོ་ཊ་མངའ་སྡེའི་ནང་གི་ Park Nicollet Methodist Hospital སྨན་ཁང་དུ་ཕྱག་ལས་གནང་བཞིན་པའི་བོད་མི་བརྒྱ་སྐོར་ཞིག་ཡོད་པ་རྣམས་ཀྱི་དང་བླངས་ཐོག་ཨ་སྒོར་ཁྲི་གཅིག་ལྷག་གི་ཞལ་འདེབས་བསྡུས་ཏེ། ས་གནས་ཀྱི་སྤྱི་སྤྱོད་རླངས་འཁོར་ཆེ་བ་གཅིག་དང་ཆུང་བ་ ༡༢ ཀྱི་ཐོག་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པའི་སྐུ་པར་དང་སྦྱར་ཡིག་ཆེན་པོ་འགྲེམ་སྤེལ་གྱི་ལས་འགུལ་ཞིག་ཀྱང་སྤེལ་མུས་རེད་འདུག

HHDL Birthday worldwide

རྩ་བའི་འདི་ལོའི་ཕྱི་ཟླ་དང་པོའི་ཚེས་ ༡༧ དང་ ༡༨ གཉིས་རིང་ཚོགས་པའི་ཨེ་ཤི་ཡ་ནང་པའི་ཞི་བདེའི་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༢ པའི་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་འཛམ་གླིང་ནང་པ་སྤྱིའི་བླ་ན་མེད་པའི་དབུ་ཁྲིད་ཀྱི་མཚན་གསོལ་གནང་བ་མ་ཟད། ཕྱ་ཟླ་ ༧ པའི་ཚེས་ ༦ སྟེ་རྒྱལ་བའི་འཁྲུངས་སྐར་གྱི་ཉིན་མོ་དེ་བཞིན་ལོ་ལྟར་ Universal Day of Compassion འམ་འཛམ་གླིང་སྙིང་རྗེའི་ཉིན་མོར་སྲུང་བརྩི་ཞུ་རྒྱུའི་ཐག་གཅོད་གནང་ཡོད་པ་ལྟར། རིང་མིན་སླེབས་ལ་ཉེ་བའི་ཕྱི་ཟླ་ ༧ པའི་ཚེས་ ༦ ཉིན་ནང་པ་ཡོད་དོ་ཅོག་གིས་འཛམ་གླིང་སྙིང་རྗེའི་ཉིན་མོ་ཞེས་སྲུང་བརྩི་གནང་རྒྱུ་ཡིན་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།