དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༡༣ ཉིན་གྱི་སྔ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ། ལྷོ་ཨ་ཕི་རི་ཀའི་བོད་ཀྱི་སྐུ་ཚབ་དོན་གཅོད་དང་ལྷན། ཡེ་ཤུའི་ཆོས་དཔོན་ཞིང་གཞེགས་དམ་པ་ Archbishop Desmond Tutu མཆོག་གི་ཐེབས་རྩ་ Desmond & Leah Tutu Legacy Foundation ཡི་སྤྱི་ཁྱབ་འགན་འཛིན་ལྕམ་སྐུ་ Janet Jobson ལགས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་བཅར་ཞུས་འདུག
ལྕམ་སྐུ་ Janet Jobson ལགས་ཀྱིས་མཇལ་བཅར་གྲུབ་མཚམས་འདི་གའི་གསར་འགོད་པར། དེ་རིང་༸གོང་ས་མཆོག་མཇལ་རྒྱུ་བྱུང་བར་ཧ་ཅང་གཟི་བརྗིད་ཀྱི་ཚོར་བ་ཞིག་བྱུང་ཅེས་དང་། ཞིང་གཤེགས་དམ་པ་ Desmond Tutu མཆོག་དང་༸གོང་ས་མཆོག་གཉིས་བར་འགྲོ་བ་མིའི་རིན་ཐང་བྱམས་སྙིང་རྗེ་སོགས་ཀྱི་གནད་འགག་ཐད་ཐུན་མོང་གི་འབྲེལ་བ་ཞིག་ཡོད་སྟབས། ཐེངས་འདིར་༸གང་ཉིད་མཆོག་དགུང་གྲངས་ ༩༠ བདག་གིར་བཞེས་ཟིན་པའི་བྱམས་བརྩེའི་ལོ་སྲུང་བརྩི་ཞུ་བཞིན་པའི་སྐབས་བཞུགས་སྒར་དུ་བཅར་རྒྱུ་བྱུང་བ་དེ་དོན་དང་ལྡན་པ་ཞིག་བྱུང་ཡོད་པ་གསུངས་སོང་།
ཁོང་གིས་ད་དུང་། ང་ཚོའི་ཐེབས་རྩའི་ལས་དོན་ལ་མཚོན་ན། ཞིང་གཞེགས་དམ་པ་ Desmond Tutu མཆོག་གི་དགོངས་གཞི་མཐའ་དག་གང་ཐུབ་ཀྱིས་བསྒྲུབ་རྒྱུར་འབད་བརྩོན་གནང་བཞིན་ཡོད་ལ། ༸གོང་ས་མཆོག་ལྟ་བུས་དངོས་སུ་སྤྱི་སྙོམ་དྲང་བདེན་དང་སྙིང་རྗེ་སོགས་འགྲོ་བ་མིའི་རིན་ཐང་དོན་དུ་བཞེངས་མཁན་གྱི་སྐུ་མདུན་དུ་ལྷོ་ཨ་ཕི་རི་ཀ་ནས་འདིར་བཅར་ཐུབ་པ་དང་བསྟུན། མང་ཚོགས་དང་ཐེབས་རྩའི་དམིགས་ཡུལ། རིན་ཐང་། དེ་བཞིན་༸གོང་ས་མཆོག་དང་ Desmond Tutu བར་གྱི་དམིགས་བསལ་འབྲེལ་བ་དེ་དག་དེ་རིང་མཇལ་ཁའི་བརྒྱུད་མུ་མཐུད་གོང་འཕེལ་གཏོང་རྒྱུ་བྱུང་བ་དེ་ནི་དོན་ལྡན་གཏིང་ཟབ་ཞིག་བྱུང་སོང་ཞེས་གསུངས་སོང་།
མ་ཟད་ལྕམ་སྐུ་ཁོང་གིས་མཇལ་བཅར་ཁྲོད་༸གོང་ས་མཆོག་ལ། ཞིང་གཞེགས་དམ་པ་ Desmond Tutu མཆོག་དང་༸གང་ཉིད་མཆོག་ གི་དབར་ཐུགས་འདྲིས་ཟབ་པོ་ཡོད་པ་དེར་ཆེ་བསྟོད་ཀྱིས། ཁོང་སྒེར་ལ་ཐེབས་རྩ་འདིའི་བརྒྱུད་འགྲོ་བ་མིའི་རིན་ཐང་དོན་དུ་ཞབས་འདེགས་བསྒྲུབས་རྒྱུའི་གོ་སྐབས་བྱུང་བ་དེར་བཀའ་དྲིན་རྗེས་དྲན་ཞུས་ཡིན་པ་གསུངས་ཏེ། བོད་མིར་བརྡ་ལན་ཚུལ་དུ་ཁོང་གིས། འཛམ་གླིང་མི་མང་ཀུན་ནས་འགྲོ་བ་མི་ཕན་ཚུན་གྱི་ཐུན་མོང་གི་འབྲེལ་བ་དེར་ངོས་འཛིན་དགོས་པ་དང་། ང་ཚོར་ལྷོ་ཨ་ཕི་རི་ཀའི་རྒྱལ་ཁབ་ལྟ་བུར་མཚོན་ན་རིན་ཐང་དེ་ནི་ཧ་ཅང་གི་གལ་ཆེན་པོ་ཡིན་པ་མ་ཟད། དེའང་ང་ཚོའི་རྒྱལ་ཁབ་ཀྱི་འདས་པའི་བཙན་གནོན་གྱི་ལོ་རྒྱུས་ལས་དཔེ་བླངས་ཐུབ་པ་ཞིག་ཡིན་དུས། བོད་མི་ཚུད་པའི་འཛམ་གླིང་མི་མང་ཡོངས་ལ་རང་དབང་དང་སྙིང་རྗེའི་རིན་ཐང་ལོངས་སུ་སྤྱོད་ཐུབ་པར་རེ་བ་གནང་གི་ཡོད་པ་གསུངས་སོང་།
རྩ་བའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཡེ་ཤུའི་ཆོས་དཔོན་ཞིང་གཞེགས་དམ་པ་ Desmond Tutu མཆོག་གཉིས་བར་ཡུན་རིང་ནས་ཐུགས་འདྲིས་ཟབ་པའི་འབྲེལ་བ་བཟང་པོ་ཞིག་ཡོད་པ་དང་། འདས་པའི་ཕྱི་ལོ་ ༢༠༢༡ ལོར་ Desmond Tutu མཆོག་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་མ་བྱུང་གོང་དུ། སྐྱེས་ཆེན་དམ་པ་ཁོང་གཉིས་ནས་འདུ་འཛོམས་འདྲ་མིན་ཐོག་ཕན་ཚུན་མཇལ་འཕྲད་གནང་ཡོད་པ་མ་ཟད། ཆོས་ཕྱོགས་ཀྱི་དབུ་ཁྲིད་ཁོང་རྣམ་གཉིས་ནས་འགྲོ་བ་མིའི་རིན་ཐང་དང་འབྲེལ་བའི་ལོ་རྒྱུས་རང་བཞིན་ཅན་གྱི་ཕྱག་དེབ་ The Book of Joy ཞེས་པ་དེ་ལྗགས་རྩོམ་མཛད་ཡོད་པ་དང་། དེ་ནི་དེང་དུས་རྩོད་རྙོག་ཅན་གྱི་གོ་ལ་འདིར་བདེ་སྐྱིད་ཇི་ལྟར་འཚོལ་ཐུབ་པའི་འཛམ་གླིང་མང་ཚོགས་ལ་ལེགས་སྐྱེས་བཟང་པོ་ཞིག་ཆགས་ཡོད་པ་རེད།




