ཨ་རིའི་སྲིད་འཛིན་ཊམ་དང་ཕྱི་སྲིད་བློན་རྣམ་གཉིས་རྒྱ་ནག་ཏུ་རྒྱལ་དོན་འཚམས་གཟིགས་ལ་ཕེབས་རྒྱུ་ཡིན་པའི་ཁྲོད་འདིར། ཁ་ཉིན་ USCIRF ཞེས་ཨ་རིའི་གྲོས་ཚོགས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཁང་གིས་ཕྱི་ལོ་ ༢༠༢༦ ལོའི་ཆོས་དད་རང་དབང་གི་སྙན་ཐོ་འདོན་སྤེལ་གནང་བའི་ནང་། སྲིད་འཛིན་ཞི་ཅིན་ཕིང་གི་སྣེ་ཁྲིད་འོག་རྒྱ་ནག་དམར་ཤོག་ཚོགས་པས་ཁྲིམས་གཞི་གསར་པ་རིམ་པ་གཏན་འབེབས་བརྒྱུད་ཆོས་དད་རང་དབང་ལ་དམ་དྲག་ཇེ་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་བ་མ་ཟད། དེའི་བརྒྱུད་ཆོས་ལུགས་རྒྱ་ནག་ཅན་དུ་བསྒྱུར་བའི་སྲིད་བྱུས་བཙན་ཤེད་ཀྱི་རྒྱ་སྐྱེད་གཏོང་བཞིན་པ་ཐེར་འདོན་གནང་འདུག

དེ་བཞིན་སྙན་ཐོའི་ནང་རྒྱ་ནག་གིས་བོད་མི་དང་ཡུ་གུར་གཙོས་པའི་གྲངས་ཉུང་མི་རིགས་གཞན་སོགས་ལ་མནར་གཅོད་གཏོང་བཞིན་པ་དང་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པ་གསལ་སྟོན་གནང་འདུག་པ་མ་ཟད། ཨ་མི་རི་ཀའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་གཞན་ཡང་སྲིད་འཛིན་ཌོ་ནལ་ཊམ་མཆོག་ལ་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཆེས་མཐོའི་སྐུ་ཚབ་མྱུར་དུ་བསྐོ་བཞག་དགོས་པའི་དགོས་འདུན་བཏོན་པ་དང་ཆབས་ཅིག ཨ་རིའི་གྲོས་ཚོགས་ཀྱིས་གཏན་འབེབས་བརྒྱུད་རིམ་ཐོག་མྱུར་དུ་ཕེབས་དགོས་པའི་སྐུལ་མ་གནང་འདུག
དེའི་ཁྲོད་ཁ་ཉིན་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཆེས་མཐོའི་སྐུ་ཚབ་ཟུར་པ་ Sam BrownBack ལགས་ཀྱིས་ Epoch TV’s “American Thought Leaders ཞེས་པའི་བརྙན་འཕྲིན་ཞིག་གི་ཐོག་བཅར་འདྲི་ཞུས་པའི་ལེ་ཚན་ཞིག་གི་ནང་ད་ལྟའི་རྒྱ་ནག་གཞུང་གིས་སྡུག་རྩུབ་ཅན་གྱི་སྲིད་བྱུས་སྤེལ་བཞིན་པ་དང་འབྲེལ། ཨ་རིའི་སྲིད་འཛིན་མཆོག་གིས་ངོས་ནས་ད་རེས་རྒྱ་ནག་གི་འགོ་ཁྲིད་དང་ལྷན་ཡུལ་དེའི་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་ཆོས་ལུགས་ལ་གཉའ་གནོན་བྱེད་བཞིན་པའི་གནད་དོན་ཐད་རྒྱ་ནག་ལ་འདྲི་རྩད་གནང་དགོས་པའི་སྐུལ་མ་གནང་བ་མ་ཟད། གནད་དོན་དེའི་ཐད་ལ་ཨ་རི་ངོས་ནས་དོ་སྣང་ཤུགས་ཆེ་རུ་བཏང་ནས་དེར་འགོག་རྒོལ་གྱི་ལག་ཆ་ཞིག་ལ་བེད་སྤྱོད་བྱེད་དགོས་པ་བརྗོད་འདུག
མ་ཟད་ Sam BrownBack ལགས་ཀྱིས་རྒྱ་ནག་ལྟ་བུ་རྒྱལ་ཁབ་དེ་བཞིན་མི་མང་ལ་གནོད་འཚེ་གཏོང་མཁན་གྱི་རྒྱལ་ཁབ་ཅིག་ཡིན་པར་བརྟེན་འཛམ་གླིང་དབུ་ཁྲིད་ཀྱི་སྡིངས་ཆ་ནང་བཀག་དགོས་གལ་ཆེ་བ་ཡིན་པ་མ་ཟད། ང་ཚོས་རྒྱ་ནག་ལ་དམག་རྒྱག་གི་ཡོད་མེད་ཐོག་ཤེས་ཀྱང་རུང་མ་ཤེས་ཀྱང་རུང་རྒྱ་ནག་གིས་ང་ཚོ་དང་དམག་རྒྱག་གི་ཡོད་པ་རེད་ཅེས་གསུངས་འདུག
Sam Brownback ལགས་ཀྱིས་ད་དུང་ད་རེས་སྲིད་འཛིན་ཊམ་མཆོག་ནས་ཞི་ཅིན་ཕིང་གི་མཇལ་འཕྲད་སྐབས་སུ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གླེང་སྲིད་པར་ཡིད་ཆེས་བྱེད་ཀྱང་། གྲུབ་འབྲས་ཆེན་པོ་ཞིག་ཐོན་རྒྱུར་རེ་བ་བྱེད་ཀྱི་མེད་ཅེས་གསུངས་བ་མ་ཟད། རྒྱ་ནག་གཞུང་གིས་ད་བར་ཡེ་ཤུའི་ཆོས་དཔོན་བརྒྱ་ཕྲག་ལྷག་འཛིན་བཟུང་བྱས་ཡོད་པ་དང་དེ་ནི་ཆོས་དད་རང་དབང་དང་འགལ་ཡོད་པ་དང་། རྒྱ་ནག་གཞུང་ནི་གདུག་རྩུབ་ཅན་གྱི་སྲིད་གཞུང་ཞིག་ཡིན་པ་དང་ད་བར་འགྲོ་བ་མིའི་ལོ་རྒྱུས་ནང་རང་ཉིད་ཀྱི་མི་མང་བསད་མཁན་མང་ཤོས་དེ་ཆགས་ཡོད་ཀྱང་། ང་ཚོ་ངོས་ནས་རྒྱ་ནག་གཞུང་ལ་རྒྱལ་ཁབ་དཀྱུས་མ་ལྟ་བུར་ངོས་འཛིན་གྱིས་གདོང་ལེན་བྱེད་བཞིན་པ་རེད་ཅེས་གསུངས་འདུག




