Tibetan Royal Year of 2151 | Year of the Wood Dragon

ཡོ་རོབ་གྲོས་ཚོགས་ནང་བོད་ནང་གི་བཅའ་སྡོད་སློབ་གྲྭ་ཁག་འཕྲལ་མར་སྒོ་བརྒྱབ་དགོས་པའི་གྲོས་ཆོད་བཞག་པ།

Tibetan News Headlines

  • His Holiness the Dalai Lama confers Mahakala Blessing (Gonpo Jenang)
  • In depth: Taiwan’s new government policy on Tibet and China

རེས་གཟའ་སྤེན་པ། ༢༠༢༤།༠༥།༡༨

  • ༸གོང་ས་མཆོག་གིས་མགོན་པོའི་རྗེས་གནང་གི་ཆོས་འབྲེལ་བཀའ་དྲིན་སྩལ་བ།
  • ཐེ་ཝན་གཞུང་འཛིན་གསར་པས་བོད་དང་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་སྐོར།

ཁ་སང་རེས་གཟའ་ཕུར་བུ་ཉིན་ཡོ་རོབ་གྲོས་ཚོགས་ནང་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་ཚད་མཐོའི་མང་མོས་ཐོག་ནས་རྒྱ་ནག་གཞུང་ནས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དགོས་པར་མ་ཟད། ཆེས་དམ་བསྒྲགས་འོག་ནས་གཉེར་བཞིན་པའི་བོད་ནང་གི་བཅའ་སྡོད་སློབ་གྲྭ་ཁག་འཕྲལ་མར་སྒོ་བརྒྱབ་པར་དགོས་པའི་གྲོས་ཆོད་ཅིག་གཏན་འབེབས་གནང་འདུག

Strasbourg དུ་རྟེན་གཞི་བྱས་པའི་ཡོ་རོབ་གྲོས་ཚོགས་ནང་བཞག་པའི་ཐེངས་འདིའི་གྲོས་ཆོད་དེར་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་གྲངས་ ༤༧༧ ཡིས་རྒྱབ་སྐྱོར་དང་འཐུས་མི་གྲངས་ ༡༤ ཡིས་དེར་དགག་བྱ། འཐུས་མི་གྲངས་ ༤༥ བར་བཞུགས་བཅས་གནང་སྟེ་མང་མོས་ཀྱིས་གཏན་འབེབས་གནང་འདུག་པ་དང་། དེའང་གཟའ་འཁོར་འདིའི་རེས་གཟའ་ལྷག་པའི་ཉིན་གྲོས་ཚོགས་སུ་ཡུ་རོབ་དང་རྒྱ་ནག་དབར་གྱི་འབྲེལ་ལམ་ཐད་སྙན་ཐོར་བཀའ་བསྡུར་གནང་བའི་ཁྲོད་གྲོས་ཚོགས་འཐུས་མི་རྣམས་ཀྱིས་རྒྱ་ནག་གཞུང་གིས་ཆེས་དམ་བསྒྲགས་འོག་ནས་བོད་ཐོག་འཛིན་པའི་དྲག་གནོན་ཅན་གྱི་སྲིད་བྱུས་ལ་སྐྱོན་བརྗོད་དང་ལྷག་དོན་བོད་ནང་གི་བཅའ་སྡོད་སློབ་གྲྭའི་ཉེན་ཚབས་སྐོར་ལ་བགྲོ་གླེང་ཞིབ་རྒྱས་སུ་གནང་མཐར་གཏན་འབེབས་བྱུང་བ་ཞིག་རེད་འདུག

དོན་ཚན་བདུན་ཅན་གྱི་གྲོས་ཆོད་དེའི་ནང་། རྒྱ་ནག་གཞུང་གིས་བོད་ནང་བཅའ་སྡོད་སློབ་གྲྭ་གང་མང་ཆེད་གཉེར་བྱེད་བཞིན་པ་དེས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པ་རྩ་མེད་བཟོ་ཐབས་བྱེད་ཀྱི་ཡོད་པ་དང་། དེ་བཞིན་བོད་དུ་བཞུགས་པའི་གཞིས་ལུས་རྒྱ་ཆེ་མང་ཚོགས་རྣམས་ལ་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་ཉེར་བར་མཁོ་བའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་མེད་པའི་གནས་བབ་སོགས་མངོན་གསལ་གནང་བ་དང་ཆབས་ཅིག ཡོ་རོབ་མཐུན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་རྣམས་ཀྱིས་ཨ་རིས་གནང་བ་ལྟར་བོད་ནང་གི་བཅའ་སྡོད་སློབ་གྲྭ་ཁག་ཆེད་འཛུགས་དང་འབྲེལ་བ་ཡོད་པའི་རྒྱ་ནག་གི་དཔོན་རིགས་དག་ལ་སྲིད་དོན་གྱི་ཉེས་ཆད་བཀལ་དགོས་པའི་འབོད་སྐུལ་ནན་པོ་གནང་འདུག

རྩ་བའི་ཐེངས་འདིའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་གཏན་འཇགས་སློབ་གྲྭའི་སྐོར་གྱི་གྲོས་ཆོད་དེ་ཉིད་ཡོ་རོབ་གྲོས་ཚོགས་འཐུས་མི་ལྕམ་སྐུ་ Salima Yenbou ལགས་ཀྱིས་བསྣམས་ཕེབས་དོན་ལྟར་གྲོས་ཚོགས་སུ་ངོ་སྤྲོད་གནང་ཞིང་། ཁོང་ནི་འདི་ལོའི་ཕྱི་ཟླ་ ༣ ནང་བཞུགས་སྒར་དུ་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་སྐུ་མགྲོན་ཐོག་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མིའི་རུ་ཁག་གཅིག་ཕེབས་པའི་ཁོངས་སུ་ཆེད་ཕེབས་གནང་མྱོང་ཡོད་པ་རེད།

ཡོ་རོབ་གྲོས་ཚོགས་ཀྱི་བོད་དང་འབྲེལ་བའི་གནད་ཆེ་བའི་གྲོས་ཆོད་ཅིག་གཏན་འབེབས་གནང་བར་བྷེལ་ཇམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་དགའ་བསུའི་འཚམས་འདྲི་ཞུས་པ་དང་སྦྲགས། ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་རྣམ་པས་བོད་ནང་རྒྱ་ནག་གཞུང་གིས་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭ་བརྒྱུད་ནས་བོད་ཕྲུག་ས་ཡ་གཅིག་ལྷག་གི་མདུན་ལམ་དང་བརྩི་མེད་རྡོག་རོལ་ཤུགས་ཆེར་འགྲོ་བཞིན་པའི་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་དྲ་ཛག་གནས་སྟངས་ལ་ཐུགས་འཁུར་ཆེ་བཞེས་ཀྱིས་མངོན་གསལ་གནང་ཡོད་པ་སོགས་གསུངས་འདུག

དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཀྱང་ད་རེས་ཡོ་རོབ་གྲོས་འཐུས་རྣམ་པས་བོད་དོན་དང་འབྲེལ་ནས་ཐུགས་འཁུར་ཆེ་བཞེས་ཀྱིས་བཞེངས་ཕྱོགས་བརྟན་པོ་བཟུང་བར་དགའ་བསུའི་འཚམས་འདྲི་ཞུས་པ་དང་འབྲེལ། རྒྱ་གཞུང་གིས་ཆེད་གཉེར་བྱས་པའི་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭ་དེས་བོད་ཕྲུག་ཚོའི་རང་དབང་ལ་རྡོག་རོལ་བཏང་བ་མ་ཚད་པར་དེ་དག་གི་ཕ་མ་ཚོའི་རང་དབང་ལའང་རྡོག་རོལ་བཏང་བ་ཞིག་ཆགས་ཡོད་སྐོར་གསུངས་ཏེ། བོད་ཀྱི་རིག་གཞུང་དང་བོད་མིའི་ངོ་བོ་རྒྱུན་གནས་ཐུབ་པར་གོད་ཆག་ཚབས་ཆེན་བཟོས་ཡོད་ཅེས་གསུངས་འདུག

དེ་མཚུངས་སུ་ཡོ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་སྲིད་བྱུས་ཉམས་ཞིབ་འགན་འཛིན་ Vincent Metten ལགས་ཀྱིས་ཀྱང་ཐེངས་འདིའི་གྲོས་ཆོད་ལ་དགའ་བསུ་དང་འབྲེལ། ཡོ་རོབ་མཐུན་ཚོགས་ཀྱི་ངོས་ནས་ད་ཆ་བོད་ནང་གི་གཏན་འཇགས་སློབ་གྲྭ་དེ་དག་འཕྲལ་མར་བཀའ་སྡོམ་སླད་རྒྱ་ནག་ལ་དངོས་སུ་གནོན་ཤུགས་སྤྲོད་རྒྱུའི་ལས་དོན་ལ་འབད་དགོས་པ་དང་། དེའི་དཔེ་མཚོན་ལེགས་ཤོས་ཤིག་ནི་སྲིད་བྱུས་དེར་འགན་འཁྲི་ཡོད་པའི་རྒྱ་ནག་གི་དཔོན་རིགས་ཚོར་སྲིད་དོན་ཉེས་ཆད་བཀལ་ཐབས་བྱ་རྒྱུ་དེ་ཡིན་སྐོར་གསུངས་འདུག

སྤྱིར་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་ཟླ་བ་འདིའི་ཚེས་ ༡༢ ནས་བཟུང་ཡུ་རོབ་མཐུན་ཚོགས་ཀྱི་ལྟེ་གནས་སྦེལ་ཇམ་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་ཡོད་པ་དང།  ཐེངས་འདིའི་གཞུང་འབྲེལ་འཚམས་གཟིགས་ཁྲོད་ཁོང་གིས་སྦེལ་ཇམ་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོས་དབུས་པའི་དཔོན་རིགས་ཁག་གཅིག་ལ་མཇལ་འཕྲད་ཞུས་པ་དང་འབྲེལ། རྒྱ་གཞུང་གིས་གཉེར་བའི་བཅའ་བསྡོད་སློབ་གྲྭའི་གནད་དོན་གཙོས་བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་སྙན་སེང་ཞུས་པར་མ་ཟད། སྤྱིར་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་གཉིས་སྨན་དབུ་མའི་ལམ་གྱི་ཐབས་ལམ་བརྒྱུད་བོད་ཀྱི་བདེན་དོན་གསལ་ཐབས་གནང་བཞིན་པ་དེ་ལྟར་ཡང་། ད་ལྟའི་རྒྱ་ནག་དམར་ཤོག་གཞུང་གིས་བོད་ནང་འཛིན་བཞིན་པའི་དྲག་པོའི་སྲིད་བྱུས་ལ་བོད་མིའི་སྒྲིག་འཛུགས་ཀྱིས་ཡོངས་གྲགས་ཐོག་ནས་སྐྱོན་བརྗོད་གནང་རྒྱུར་འཛེམ་ཟོན་གནང་རྒྱུ་མིན་སྐོར་གསུངས་པ་དང་ཆབས་ཅིག སྦེལ་ཇམ་གཞུང་གིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་དགོས་པའི་ཞུ་སྐུལ་སོགས་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།