དེ་རིང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་འདུས་དགུ་པའི་ལས་ཉིན་ ༩ པའི་ཐོག་ཤེས་རིག་ལས་ཁུངས་ཀྱི་སྔོན་རྩིས་ཐོག་སྤྱི་ཡོངས་ཀྱི་བགྲོ་གླེང་ཐོག་ཕེབས་པའི་ཁྲོད། ད་ལྟ་ཨ་རིའི་རོགས་དངུལ་མཚམས་ཆད་པ་དང་འབྲེལ་ཤེས་རིག་ལས་ཁུངས་ལ་ཕྱི་ནས་རོགས་སྐྱོར་གནང་མཁན་ཡོད་མིན་གྱི་དྲི་བ་ཕེབས་པར་ཤེས་རིག་བཀའ་བློན་ལྕང་ར་མཐར་ལམ་སྒྲོལ་མ་མཆོག་གིས། ཕྱི་ནས་རོགས་སྐྱོར་ཚང་ཀ་ཤིག་ཤིག་ཡོང་གི་ཡོད་པ་ལྟར་ཤིས་རིག་ལས་དོན་ལ་དཀའ་ངལ་འཕྲད་ཀྱི་མེད་སྐོར་གསུངས་སོང་།
དེ་ཡང་གྲོས་ཚོགས་སུ་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཐོག་སྤྱི་ཡོངས་ཀྱི་བགྲོ་གླེང་དང་གཏན་འབེབས་ཀྱི་ལས་རིམ་རྒྱུན་སྐྱོང་གནང་བའི་ཁྲོད་འཕྲོད་བསྟེན་དང་བདེ་སྲུང་ལས་ཁུངས་ཀྱི་སྔོན་རྩིས་གཏན་འབེབས་ཀྱི་ལས་རིམ་རྣམས་གྲུབ་པའི་རྗེས། ཤེས་རིག་ལས་ཁུངས་ཀྱི་སྔོན་རྩིས་ཐོག་བགྲོ་གླེང་གཏན་འབེབས་ཐོག་ཕེབས་པའི་སྐབས། ཤེས་རིག་བཀའ་བློན་མཆོག་གིས་ཉེ་ཆར་ཨ་རིའི་རོགས་དངུལ་ཆད་པ་དང་འབྲེལ་ནས་ Italy དང་ཨ་རི། སུད་སི་བཅས་ནས་རོགས་དངུལ་ཕོན་ཆེ་གནང་མཁན་བྱུང་སོང་བར་ད་ལྟ་ཤེས་རིག་ལས་ཁུངས་ཀྱི་གྲོས་ཚོགས་སུ་གཅོག་ཆའི་གྲོས་འཆར་བསྣམས་ཕེབས་པར་སྤྱི་འཐུས་རྣམ་པས་ཐུགས་རེ་མ་གནང་རོགས་ཅེས་གསུངས་སོང་།
དེ་བཞིན་དེ་རིང་སྤྱི་འཐུས་ཁག་གཅིག་གིས་རྡ་ཤོད་བོད་ཁྱིམ་སློབ་གྲྭ་སྒོ་བརྒྱབ་པའི་གནད་དོན་སྐོར་དྲི་བ་གནང་མཁན་བྱུང་བར་ཤེས་རིག་བཀའ་བློན་མཆོག་གིས་སློབ་གྲྭའི་ཡོང་ཁུངས་ལས་འགྲོ་སོང་ལྡབ་གཅིག་གི་མང་བ་ཡིན་པའི་རྒྱུ་མཚན་དང་འབྲེལ་ནས་སློབ་གྲྭ་སྒོ་བརྒྱབ་དགོས་ཁེལ་བ་དང་། ཕྱི་རྒྱལ་ནས་ཕེབས་པའི་སློབ་ཕྲུག་དྲུག་པོ་དེ་དག་བོད་ཁྱིམ་སློབ་གྲྭ་སྤྱི་ནང་མུ་མཐུད་སློབ་སྦྱོང་གནང་བཞིན་ཡོད་པ་གསུངས་སོང་།
མ་ཟད་སྤྱི་འཐུས་ཁག་གཅིག་གིས་སློབ་གྲྭ་ཟླ་སྒྲིལ་དང་འབྲེལ་ནས་ས་ཁང་སྟོང་པ་མང་པོ་གཅིག་ལྷག་གི་ཡོད་པ་དེ་དག་བེད་སྤྱོད་གཏོང་ཕྱོགས་ཐད་བསམ་ཚུལ་དང་དྲི་བ་བཏང་མཁན་ཡང་བྱུང་སོང་ལ། དགེ་རྒན་གྱི་སྤུས་ཚད་དང་འབྲེལ་བའི་གནད་དོན་ཐད་ལའང་དྲི་བ་དང་བགྲོ་གླེང་ལྷུག་པོ་བྱུང་སོང་།

ལྷག་པར་དུ་དེ་རིང་གི་གྲོས་ཚོགས་སུ་སྔ་ལོ་ Mussorie བོད་ཁྱིམ་དང་རྣམ་རྒྱལ་ནང་མི་ཞེས་པའི་སློབ་གྲྭ་དེའི་སློབ་མ་དང་ལས་བྱེད་ཀྱི་ནང་མི་ཞིག་གི་དབར་སློབ་མར་ཐུབ་ཚོད་དང་འབྲེལ་བའི་གནད་དོན་ཐད་རྙོག་གླེང་རིམ་པ་བྱུང་བའི་སྐོར་ལ་འདྲི་རྩད་གནང་མཁན་མང་དག་ཞིག་བྱུང་བ་ལྟར། ཤེས་རིག་ལས་ཁུངས་ནས་དེའི་ཐོག་ཞིབ་འཇུག་མཐིལ་ཕྱིན་གནང་ཡོད་ལུགས་སོགས་ཀྱི་ལན་འདེབས་དང་འབྲེལ། སློབ་གྲྭའི་ནང་ཐུབ་ཚོད་ཀྱི་གནད་དོན་བྱུང་གི་ཡོད་པ་དངོས་ཡོད་ཡིན་སྐོར་དང་འབྲེལ། དེ་ལྟར་རྩ་བ་ནས་བྱ་རྒྱུ་མེད་པའི་ལམ་སྟོན་ཡང་ཡང་གནང་གི་ཡོད་པ་གསུངས་སོང་།
རྩ་བའི་དེ་རིང་ལས་ཉིན་ ༩ པའི་སྔ་དྲོའི་ཚོགས་དུས་ཐོག་ཁ་སང་འཕྲོད་བསྟེན་ལས་ཁུངས་ཀྱི་སྔོན་རྩིས་གཏན་འབེབས་དང་བདེ་སྲུང་ལས་ཁུངས་ཁྱབ་ཁོངས་དབུས་སྣེ་ལེན་འབྲེལ་འཐུད་ཁང་གི་ཟུར་བཀོལ་ཐོག་ས་ཡ་ ༢ ལྷག་ཙམ་གྱི་གཅོག་ཆའི་གྲོས་འཆར་གཏན་འབེབས་དང་། བལ་ཡུལ་སྣེ་ལེན་ཁང་དང་སོ་ནོ་ལི་སྣེ་ལེན་ཡན་ལག དེ་བཞིན་དབུས་སྣེ་ལེན་འབྲེལ་མཐུད་ལས་ཁུངས་བཅས་ཀྱི་སྔོན་རྩིས་གཏན་འབེབས་ལྷག་འཕྲོའི་ལས་རིམ་ཁག་ཀྱང་མཇུག་བསྒྲིལ་གནང་ཡོད།
དེ་བཞིན་ཁ་སང་གྲོས་ཚོགས་ཀྱི་ལས་ཉིན་བརྒྱད་པའི་ཉིན་རྒྱབ་ཏུ་ཆོས་རིག་ལས་ཁུངས་ཀྱི་སྔོན་རྩིས་ཐོག་བགྲོ་གླེང་དང་གཏན་འབེབས་ཀྱི་ལས་རིམ་ཁྲོད། སྤྱི་འཐུས་མང་དག་ཞིག་ནས་འདི་ལོ་༸རྒྱལ་བའི་གོ་སྟོན་སྲུང་བརྩི་གནང་ཕྱོགས་དང་། སྟོན་པའི་འཁྲུངས་ལོ་སྲུང་བརྩི་གནང་ཕྱོགས་བཅས་ཀྱི་སྐོར་ལ་དྲི་བ་དང་དགོངས་ཚུལ་གསུང་མཁན་མང་པོ་བྱུང་སོང་ལ། འདི་ལོའི་བོད་མིའི་ཆོས་ཚོགས་དང་འབྲེལ་དཔལ་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེའི་གནས་བབ་སྐོར་ལ་འདྲི་རྩད་མང་པོ་ཕེབས་ཡོད་པ་ལྟར། སྐབས་དེར་ཆོས་རིག་བཀའ་བློན་གཅིག་ལྕོགས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དཔལ་༸རྒྱལ་དབང་ཀརྨ་པའི་གནད་དོན་སྐོར་གྲོས་ཚོགས་ཐོག་གསུངས་བདེ་པོ་མེད་སྐོར་དང་། ད་ལྟ་རོགས་དངུལ་ཆད་པའི་དཀའ་ངལ་ཡོད་མིན་ལ་མ་ལྟོས་པར་༸རྒྱལ་བའི་གོ་སྟོན་སྲུང་བརྩི་སླད་འགྲོ་གྲོན་གང་གཏང་དགོས་པ་རྣམས་གཏོང་འཆར་ཡོད་པ་སོགས་གསུངས་སོང་།





