Tibetan Royal Year of 2151 | Year of the Wood Dragon

Day9

ཆེས་མཐོའི་ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཟགས་སོང་།

ཆེས་མཐོའི་ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཟགས་སོང་།

གྲོས་ཚོགས་ཚོགས་དུས་དྲུག་པ་འཕར་འགྱངས་གནང་ཡང་དུས་ཚོད་གཏན་ཁེལ་མི་འདུག

གྲོས་ཚོགས་ཚོགས་དུས་དྲུག་པ་འཕར་འགྱངས་གནང་ཡང་དུས་ཚོད་གཏན་ཁེལ་མི་འདུག

བཀའ་ཤག་གིས་གནང་བའི་བཟོ་བཅོས་གྲོས་ཆོད་གྲོས་འཆར་ལ་མང་མོས་རྒྱབ་སྐྱོར་ཐོག་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ལས་དོན་མུ་མཐུད་རྒྱུན་སྐྱོང་གནང་གཏན་ཁེལ་བ།  

སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པའི་ལས་ཉིན་མཐའ་མའི་ཐོག་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ལས་དོན་མཇུག་སྐྱོང་དང་འབྲེལ་བའི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་གཏན་འབེབས་ཀྱི་ལས་རིམ་ཐོག་ཕེབས་སྐབས་བཀའ་ཤག་གིས་གནང་བའི་བཟོ་བཅོས་གྲོས་ཆོད་གྲོས་འཆར་ལ་མང་མོས་རྒྱབ་སྐྱོར་ཐོག་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ལས་དོན་མུ་མཐུད་རྒྱུན་སྐྱོང་གནང་གཏན་ཁེལ་སོང་། དེ་རིང་གྲོས་ཚོགས་ཐོག་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ཁེ་ཉེན་གནས་སྟངས་ཞིབ་འཇུག་ཚོགས་ཆུང་གི་སྙན་ཐོ་འགོད་འབུལ་ཞུས་པར་སྲིད་སྐྱོང་མཆོག་གིས་གསལ་བཤད་དང་སྤྱི་འཐུས་རྣམ་པས་དེ་འབྲེལ་བཀའ་འདྲི་ཞུས་ཁག་ལ་ལན་འདེབས་སོགས་གནང་སྟེ། དེ་རིང་ལས་ཉིན་མཐའ་མའི་ཐོག་བོད་མི་མང་སྤྱི་འཐུས་རྒྱུན་ལས་ནས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ལས་དོན་མཇུག་སྐྱོང་དང་འབྲེལ་བའི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཞིག་བསྣམས་པའི་ནང་འཛིན་སྐྱོང་གིས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་མུ་མཐུད་གནས་རྒྱུར་ཉེན་ཁ་ལ་གདོང་ལེན་གནང་སྟེ་སྐྱོབ་ཐུབ་པའི་ཐབས་ལམ་གང་ཡིན་ལམ་སྟོན་གནང་དགོས་པ་དང་། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་འཛིན་སྐྱོང་གནང་ཕྱོགས་ཀྱང་གནས་སྟངས་ལ་གཟིགས་ནས་ད་མུས་ཇི་བཞིན་ནམ། རང་སྐྱོང་གི་ངོ་བོར་སྒྱུར་རྒྱུ། གཞན་ཇི་འགབ་བཀའ་ཤག་ནས་ཐག་གཅོད་གནང་རྒྱུ། གལ་ཏེ་མུ་མཐུད་གནས་ཐབས་མེད་པའི་ཟློག་མེད་གནས་སྟངས་འགྱུར་ཚེ་དེ་ལུགས་གྲོས་ཚོགས་སུ་སྙན་སེང་གིས་ཐག་གཅོད་ཡོང་ཐབས་དགོས་རྒྱུ་ཞེས་གསལ་ཡོད་པ་རེད།སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྤྱི་འཐུས་རྒྱུན་ལས་ཀྱི་གྲོས་ཆོད་གྲོས་འཆར་དེ་ལ་བཟོ་བཅོས་གྲོས་འཆར་ཞིག་ཆེད་འདོན་གནང་སོང་བ་དང་། དེའི་ནང་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེ་ཉིད་རང་སྐྱོང་ལྡན་པའི་ཁེ་གཉེར་ཁང་མིང་དོན་མཚུངས་པ་ཞིག་བཟོ་ཐབས་སུ་ཚོགས་གཙོ་སྦྲེལ་པོས་བསྐོ་བཙུགས་བྱས་པའི་སྤྱི་འཐུས་གསུམ་དང་། འཛིན་སྐྱོང་གི་བསྐོ་གཏོང་བྱས་པའི་མི་འགྲོ་གཉིས་བཅས་ལས་གྲུབ་པའི་ཚོགས་ཆུང་ཞིག་ཆེད་འཛུགས་ཀྱིས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་དེབ་སྐྱེལ་ཚོགས་མི་མིང་སྒྱུར་དང་འཛུགས་ཡུལ་ས་གནས། འགན་འཛིན་ལྷན་ཚོགས་ཀྱི་གྲུབ་ཆ་དང་དེ་དག་ཡོང་སྟངས། འགན་འཁུར་ཞུ་ཡུལ་དང་ལས་དོན་བྱེད་ཕྱོགས། འཛིན་སྐྱོང་སྒྲོམ་གཞི། ལས་བྱེད་འདེམས་སྒྲུག་བསྐོ་གཞག་དང་། དེ་དག་གི་ཕོགས་དང་ཐོབ་ཐང་། མ་འཛུགས་དང་ལས་དོན་མཇུག་སྐྱོང་ལག་བསྟར་འཆར་གཞི་བཅས་ཀྱི་འགྲོ་ལུགས་བཟོ་བཀོད་འཆར་འབུལ་བྱས་པའི་ཚོགས་ཆུང་གི་སྙན་ཐོ་གྲོས་ཚོགས་ཚོགས་དུས་ལྔ་པར་འབུལ་ལམ་ཞུ་ཐུབ་པ་བྱེད་དགོས་ཞེས་གསལ་ཡོད། གྲོས་ཆོད་གྲོས་འཆར་གཏན་འབེབས་ཀྱི་ལས་རིམ་ཐོག་ཕེབས་སྐབས་སྤྱི་འཐུས་བཅུ་ཙམ་ནས་བགྲོ་གླེང་གི་ཆ་ཤས་བླངས་ཏེ་ཁག་གཅིག་གིས་བཀའ་བཤག་གི་བཟོ་བཅོས་གྲོས་ཆོད་གྲོས་འཆར་ལ་དགག་པ་དང་སྦྲགས་ཏེ་ཚོགས་ཆུང་དགོས་མཁོ་མེད་པ་དང་། ཚོགས་ཆུང་ནང་ཁྱད་ལས་མི་སྣ་ཁོ་ན་དགོས་གལ། དེ་བཞིན་སྤྱི་འཐུས་རྒྱུན་ལས་ཀྱི་གྲོས་ཆོད་གྲོས་འཆར་ནང་འཛིན་སྐྱོང་ལ་སྐུ་དབང་ཆ་ཚང་ཕུལ་ཡོད་པ་སོགས་གསུངས་སོང་ལ། ལ་ལས་གྲོས་ཆོད་གྲོས་འཆར་གཉིས་ཀར་རྒྱབ་སྐྱོར་གནང་མི་དགོས་པའི་དགོངས་ཚུལ་དང་། དེ་བཞིན་ཕྱག་ལས་དངོས་སུ་གནང་མཁན་འཛིན་སྐྱོང་ཡིན་སྟབས་བཟོ་བཅོས་གྲོས་ཆོད་གྲོས་འཆར་ལ་རྒྱབ་སྐྱོར་ཡོད་པ་སོགས་གསུངས་ཡོད།    སྐབས་དེར་སྲིད་སྐྱོང་མཆོག་གིས་སྤྱི་འཐུས་རྣམ་པའི་དྲི་བ་དང་དགོངས་ཚུལ་ཁག་ལ་གསལ་བཤད་དང་ལན་འདེབས་སོགས་གནང་རྗེས། ཚོགས་གཙོས་གཏན་འབེབས་ཀྱི་ལས་རིམ་ཐོག་ཕེབས་སྐབས་བཀའ་ཤག་གི་བཟོ་བཅོས་གྲོས་ཆོད་གྲོས་འཆར་ལ་རྒྱབ་སྐྱོར་གནང་མཁན་སྤྱི་འཐུས་ ༢༠ དང་སྤྱི་འཐུས་རྒྱུན་ལས་ཀྱི་གྲོས་ཆོད་གྲོས་འཆར་ལ་རྒྱབ་སྐྱོར་གནང་མཁན་སྤྱི་འཐུས་ ༡༣ བཅས་བྱུང་མཐར་བཀའ་ཤག་གི་བཟོ་བཅོས་གྲོས་ཆོད་གྲོས་འཆར་མཐའ་མའི་གཏན་འབེབས་ཐོག་ཕེབས་ཡོད། མཐའ་མའི་གཏན་འབེབས་ཀྱི་ལས་རིམ་སྐབས་སུ་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ལས་དོན་མཇུག་སྐྱོང་དང་འབྲེལ་བའི་བཀའ་ཤག་གི་བཟོ་བཅོས་གྲོས་ཆོད་གྲོས་འཆར་ལ་དགག་པ་གནང་མཁན་སྤྱི་འཐུས་ ༩ དང་རྒྱབ་སྐྱོར་གནང་མཁན་སྤྱི་འཐུས་ ༡༦ བཅས་བྱུང་སྟེ་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ལས་དོན་མུ་མཐུད་མཇུག་སྐྱོང་དང་སྦྲགས། སྤྱི་འཐུས་ལྷན་ཚོགས་དང་འཛིན་སྐྱོང་གཉིས་ལས་གྲུབ་པའི་མི་སྣ་ལྔ་ཅན་གྱི་ཚོགས་ཆུང་ཞིག་ཆེད་འཛུགས་ཐོག་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེ་ཉིད་རང་སྐྱོང་ལྡན་པའི་ཁེ་གཉེར་ཁང་མིང་དོན་མཚུངས་པ་ཞིག་བཟོ་ཐབས་དང་། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་དེབ་སྐྱེལ་ཚོགས་མི་མིང་སྒྱུར་དང་འཛུགས་ཡུལ་ས་གནས། དེ་བཞིན་ལས་བྱེད་འདེམས་སྒྲུག་བསྐོ་གཞག མ་འཛུགས་དང་ལས་དོན་མཇུག་སྐྱོང་ལག་བསྟར་འཆར་གཞི་སོགས་ཀྱི་འགྲོ་ལུགས་བཟོས་ཏེ་ལོ་རྗེས་མའི་ཕྱི་ཟླ་གསུམ་པའི་གྲོས་ཚོགས་སུ་འབུལ་ལམ་ཞུ་ཐུབ་པ་གནང་གཏན་ཁེལ་ཡོད།གཞི་རྩའི་ཐེངས་འདིའི་གྲོས་ཚོགས་ཚོགས་དུས་བཞི་པ་འདི་ཟླ་ ༩ ཚེས་ ༧ ནས་དེ་རིང་ཚེས་ ༡༦ བར་ཁྱོན་ལས་ཉིན་དགུ་ཚོགས་གཏན་ཁེལ་ཡོད་ཀྱང་། ལས་ཉིན་བཞི་པའི་སྐབས་སུ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཐོག་ཕེབས་སྐབས་ཡིག་ཆ་ཨང་ ༣༩ པ་དང་འབྲེལ་ཏེ་གླེང་སློང་མང་དག་ཅིག་གནང་རྐྱེན་སྤྱི་འཐུས་ཁག་གཅིག་གྲོས་ཚོགས་ནས་ཕྱིར་ཐོན་གནང་སྟབས་གྲོས་ཚོགས་ཀྱི་ངོ་ཡོད་རྩ་འབོར་གྱི་གསུམ་ཆ་གཉིས་མ་ཚང་པར་བརྟེན་གྲོས་ཚོགས་ཀྱི་ལས་ཉིན་གཉིས་དང་ཕྱེད་ཀ་ཙམ་ཚོགས་མ་ཐུབ་པའི་གནས་སྟངས་བྱུང་ཡོད། གྲོས་ཚོགས་མཇུག་སྡོམ་དང་འབྲེལ་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ད་རེས་གྲོས་ཚོགས་ཀྱི་ཚོགས་དུས་སྐབས་སུ་བར་ཆད་རེ་ཟུང་འཕྲད་ཡོད་ཀྱང་། སླད་མར་དེ་ལྟར་མི་ཡོང་བར་དགོངས་པ་ཆེ་བཞེས་གནང་དགོས་པ་དང་། ད་ཆ་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་གྲོས་ཁྲོད་དུ་གོ་སྐབས་བཞེས་ཐུབ་གལ་ཡིན་པ་སོགས་གསུངས་ཡོད།

དབུས་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་སློབ་གྲྭ་ཁག་རྩིས་ལེན་ཟིན་པ་དང་འབྲེལ་རྒྱ་གར་གཞུང་མང་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་གྲོས་ཆོད་གཏན་འབེབས། 

དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་མཐའ་མའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་བོད་པའི་སློབ་གྲྭ་ཁག་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སཾ་བྷོ་ཊ་བོད་སློབ་ཚོགས་པར་རྩིས་སྤྲོད་རྩིས་ལེན་ཆ་ཚང་ཟིན་པ་དང་འབྲེལ་རྒྱ་གར་གཞུང་མང་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་གཞུང་འབྲེལ་གྲོས་ཆོད་ཅིག་གྲོས་ཚོགས་སུ་སྙན་སྒྲོན་གནང་བ་དང་སྦྲགས་ཏེ་གྲོས་ཚོགས་ནས་སྤྱི་མོས་ཐོག་གཏན་འབེབས་གནང་སོང་།   སྐབས་དེར་སྲིད་སྐྱོང་མཆོག་གིས་སྙན་སྒྲོན་གནང་བའི་གྲོས་ཆོད་ཀྱི་སྔོན་གླེང་ནང་རྒྱ་གར་གཞུང་གི་བཀོད་ཁྱབ་དང་བཀའ་འཁྲོལ་ལྟར་ཐོག་མར་བོད་མིའི་གཞིས་ཆགས་ཁག་ཏུ་ཡོད་པའི་སྔོན་འགྲོའི་སློབ་གྲྭ་ ༣༣ དང་། དེ་ནས་ཕྱི་ལོ་ ༢༠༡༦ ནས་ ༢༠༢༡ ཕྱི་ཟླ་ ༡༢ ཕྱི་ཚེས་ ༣༡ ནང་ཚུད་ལ་གཞི་རིམ་འོག་མ་དང་། གཞི་རིམ་བར་མ། དེ་བཞིན་གཞི་རིམ་གོང་མ་བཅས་ཀྱི་སློབ་གྲྭ་ཁག་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་ནས་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སཾ་བྷོ་ཊ་བོད་སློབ་ཚོགས་པར་རྩིས་སྤྲོད་རྩིས་ལེན་ཆ་ཚང་གྲུབ་པ་དང་བསྟུན། ཕྱི་ལོ་ ༢༠༢༢ ཕྱི་ཟླ་ ༣ ཕྱི་ཚེས་ ༣༡ ཉིན་དབུས་བོད་སློབ་འཛིན་ཚོགས་ཀྱི་ལས་དོན་མཚམས་འཇོག་གནང་ཟིན་ཡོད་པ་སོགས་གསུངས་ཡོད་པར་མ་ཟད། གྲོས་ཆོད་ནང་འདས་པའི་ལོ་ངོ་ ༦༠ ལྷག་གི་རིང་རྒྱ་གར་གཞུང་མང་གཉིས་ཀྱིས་བོད་མི་བཙན་བྱོལ་བ་ཚོར་བཀའ་དྲིན་གཞལ་ཟླ་མེད་པ་ཞིག་གནང་བ་དང་ལྷག་པར་དུ་དབུས་བོད་སློབ་འཛིན་ཚོགས་ཀྱི་ཚོགས་གཙོ་དང་ལས་བྱེད་རིམ་བྱོན། ཁྱབ་ཁོངས་སློབ་གྲྭ་ཁག་གི་དགེ་ལས་འདས་གསོན་ཡོངས་ཀྱིས་བོད་རིགས་གཞོན་སྐྱེས་ཀྱི་ཤེས་ཡོན་ཐོག་མཐུན་འགྱུར་རོགས་རམ་གནང་བར་བཀའ་དྲིན་བླ་མེད་དང་ཐུགས་རྗེ་ཆེ་ཞེས་གསུངས་འདུག    རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་གྲོས་ཆོད་ཀྱི་སྔོན་གླེང་ནང་ད་དུང་ཕྱི་ལོ་ ༡༩༥༩ ལོར་༸གོང་ས་མཆོག་གིས་དབུས་པའི་བོད་མི་མི་ཉུང་བ་ཞིག་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་མཚམས་སུ་ཉམས་མྱོང་དང་དཔལ་འབྱོར་གནས་བབ་སོགས་ཀྱི་ཐོག་ནས་དཀའ་ངལ་སྣ་ཚོགས་ཤིག་འཕྲད་ཡོད་ཀྱང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཕྲུག་རྣམས་མ་འོངས་བོད་ཀྱི་ས་བོན་དུ་གཟིགས་ཏེ་ཕྱི་ལོ་ ༡༩༦༠ ཟླ་ ༣ ཚེས་ ༣ ཉིན་བོད་ཕྲུག་ ༥༠ ཡོད་པའི་བཙན་བྱོལ་བོད་མིའི་སློབ་གྲྭ་དང་པོ་མ་སུ་རི་གཏན་སློབ་གསར་འཛུགས་མཛད་པ་དང་། རིམ་བཞིན་བོད་པའི་སློབ་གྲྭ་ཟུར་འཛུགས་ཐུབ་རྒྱུ་སོགས་ལ་དགོངས་ཏེ་སྐབས་དེའི་རྒྱ་གར་གྱི་སྲིད་བློན་སྐུ་ཞབས་ Jawaharla Nehru མཆོག་ལ་འབོད་སྐུལ་ཇི་ལྟར་ཞུས་པ་ལྟར་རྒྱ་གར་གཞུང་ནས་བོད་མིའི་སློབ་གྲྭའི་ཚོགས་སྡེ་ཞེས་པ་ཞིག་ཆེད་འཛུགས་གནང་སྟེ་མ་སུ་རི་གཏན་སློབ་ཐོག་གཏན་སློབ་གཞན་བརྒྱད་གསར་འཛུགས་དང་། ཕྱི་ལོ་ ༡༩༦༦ ལོར་བོད་མིའི་སློབ་གྲྭའི་ཚོགས་སྡེ་ཞེས་པ་དེ་དབུས་བོད་སློབ་འཛིན་ཚོགས་ཞེས་མཚན་སྒྱུར་གནང་སྟེ་སྔར་ཡོད་གཏན་སློབ་ཁག་ལ་ཉིན་སློབ་དང་གཏན་སློབ་གཞན་གསར་འཛུགས་རྒྱ་ཆེར་གནང་སྟེ་ཁྱོན་བོད་པའི་གཞིས་ཆགས་ཁག་ཏུ་གཞི་རིམ་འོག་མ་ནས་གོང་མ་བར་གྱི་སློབ་གྲྭ་ ༢༨ དང་། སྔོན་འགྲོའི་སློབ་གྲྭ་ ༣༣ བཅས་གསར་འཛུགས་དང་སྦྲགས་ཏེ་དགེ་ལས་དང་དཔལ་འབྱོར་སོགས་ཀྱི་མཐུན་རྐྱེན་རོགས་རམ་རྒྱ་ཆེར་གནང་བ་མ་ཟད། ལས་དོན་རྣམས་སྔར་ལྷག་ཚགས་ཚུད་ཡོང་སླད་ཕྱི་ལོ་ ༡༩༩༩ ལོར་སཾ་བྷོ་ཊ་བོད་སློབ་ཚོགས་པ་གསར་འཛུགས་གནང་བ་དང་། ཕྱི་ལོ་ ༡༩༩༩ དང་གཏན་སློབ་ཁག་གི་གནས་སྟངས་ལ་ཉམས་ཞིབ་དང་སྦྲགས་ཏེ་ཕྱི་ལོ་ ༢༠༡༣ ལོ་ནས་བོད་པའི་སློབ་གྲྭ་ཁག་གི་འཛིན་སྐྱོང་ལས་དོན་དང་ཤེས་ཡོན་གྱི་སྤུས་ཚད་བཟང་དུ་གཏོང་རྒྱུ་སོགས་ལ་གཟིགས་ནས་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་བོད་པའི་སློབ་གྲྭ་ཁག་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སཾ་བྷོ་ཊ་བོད་སློབ་ཚོགས་པར་རྩིས་སྤྲོད་དབུ་འཛུགས་གནང་བ་སོགས་འདས་པའི་མི་ལོ་ ༦༠ ལྷག་གི་བཙན་བྱོལ་བོད་མིའི་ཤེས་ཡོན་དང་འབྲེལ་བའི་ལས་དོན་གྱི་འཕེལ་རིམ་ཁག་གཅིག་མངོན་གསལ་གནང་འདུག

ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་གཏན་འབེབས་གནང་ཐུབ་མ་སོང་།

ཉེ་ཆར་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ཐོག་ལ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་འོས་མི་འདེམས་སྒྲུག་ཚོགས་ཆུང་ནས་ཐབས་ཤེས་ཡོད་རྒུ་གནང་ཡོད་ཀྱང་བཅའ་ཁྲིམས་དོན་ཚན་ ༦༣ པའི་ནང་གསལ་བའི་འོས་ཆོས་ཡོངས་སུ་ཚང་བའི་ཁྲིམས་ཞིབ་པ་ཆེ་བའི་འོས་མི་ཐོབ་མེད་པའི་གནས་སྟངས་སྙན་སེང་ཞུས་པ་དང་འབྲེལ། གྲོས་ཚོགས་ཀྱི་ཚོགས་དུས་གསུམ་པའི་ཐོག་ལ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་གྲོས་ཚོགས་སུ་ཕེབས་ཡོད་པ་རེད།   འཛིན་སྐྱོང་བཀའ་ཤག་གིས་བསྣམས་པའི་ཁྲིམས་འཆར་ནང་ལ་ད་ཡོད་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༣ པའི་དགོངས་དོན་ལྟར་ཁྲིམས་ཞིབ་པ་ཆེ་བའི་འོས་མི་ཐོབ་མེད་སྟབས་དོན་ཚན་དེའི་ནང་གསེས་གཉིས་པའི་ག་པ། ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་བཅས་ནི་ཁྲིམས་ཁང་ཞིག་ནང་ལོ་ལྔའི་རིང་མུ་མཐུད་ཁྲིམས་དཔོན་གྱི་ལས་འཁུར་བྱས་མྱོང་བའམ། ཡང་ན་ཉུང་མཐར་ལོ་བཅུའི་རིང་ཁྲིམས་རྩོད་མཁས་པའི་གྲས་སུ་ཚུད་པ་བཅས་ལ་མ་གཏོགས་འོས་བབ་ཡོད་པ་མ་ཡིན། འོན་ཀྱང་བཅའ་ཁྲིམས་འདི་ཉིད་ལག་ལེན་འགོ་འཛུགས་བྱས་པ་ནས་བཟུང་ལོ་སུམ་ཅུའི་རིང་ཁྲིམས་ཞིབ་པ་ཆེ་བ་དང༌ཁྲིམས་ཞིབ་པ་གཞན་གཉིས་བཅས་བསྐོ་གཞག་དགོས་རིགས་ནང་གསེས་འདིའི་ཆ་རྐྱེན་ཁག་ལ་བསྟུན་གནང་མི་དགོས་ཞེས་ལོ་ ༣༠ དེ་ ༣༣ ལ་བསྐྱར་བཅོས་བསྣམས་ཡོད་པ་རེད།འོན་ཀྱང་དེ་རིང་སྤྱི་འཐུས་རྣམ་པས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་གཏན་འབེབས་ཀྱི་ལས་རིམ་ཐོག་ཕེབས་སྐབས་སྤྱི་འཐུས་ཁག་ཅིག་ནས་ད་ཡོད་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམ་གཉིས་དེ་སྔ་གྲོས་ཚོགས་ནས་འཕོ་འགྱུར་བཏང་ཟིན་པའི་གནད་དོན་ཁག་སོགས་གསུངས་ཏེ་ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ལ་རྒྱབ་སྐྱོར་མེད་སྐོར་གསུང་མཁན་བྱུང་ཡོད་ལ། ཁག་ཅིག་ནས་ཁྲིམས་འཆར་བསྐྱར་བཅོས་དེ་ནི་མ་འོངས་པར་ཁྲིམས་ཞིབ་པ་བསྐོ་གཞག་དང་འབྲེལ་བ་ཡོད་པ་ལས་ཁྲིམས་པ་འཕོ་འགྱུར་དང་འབྲེལ་བའི་གྲོས་ཚོགས་ཀྱི་ཡིག་ཆ་ཨང་ ༣༩ པ་དང་འབྲེལ་བ་གང་ཡང་མེད་པ་སོགས་གསུངས་ནས་ཁྲིམས་འཆར་དེར་རྒྱབ་སྐྱོར་ཡོད་པར་གསུངས་སོང་།སྐབས་དེའི་བགྲོ་གླེང་ཁྲོད་ཕྱོགས་ཡོངས་ནས་གྲོས་ཚོགས་ཀྱི་ཡིག་ཆ་ཨང་ ༣༩ པའི་ཐོག་གླེང་གནང་མཁན་མི་ཉུང་བ་ཞིག་བྱུང་མཚམས་སུ་སྤྱི་འཐུས་ཁག་ཅིག་ནས་ལས་རིམ་རྣམ་གཞག་བསྟུད་མར་ཆེད་འདོན་གནང་བ་མ་ཟད། ཁག་ཅིག་ནས་ཚོགས་གཙོ་མཆོག་ནས་བགྲོ་གླེང་གི་གོ་སྐབས་གནང་མིན་ཐད་ཐག་གཅོད་གནང་སྟེ་ཐད་ཀར་བཅའ་ཁྲིམས་བསྐྱར་བཅོས་ཐོག་ཕེབས་དགོས་པའི་དགོངས་ཚུལ་གསུངས་པ་ལྟར། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ལས་རིམ་ཐོག་ཕེབས་སྐབས་རྒྱབ་སྐྱོར་གནང་མཁན་ངོ་ཡོད་སྤྱི་འཐུས་ ༢༡ ལས་མ་བྱུང་བའི་རྐྱེན་གྱིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་གཏན་འབེབས་གནང་ཐུབ་མེད་པ་རེད།ཁྲིམས་འཆར་དེ་གཏན་འབེབས་མ་ཐུབ་པའི་དབང་གིས་སྔར་ལོའི་ཕྱི་ཟླ་ ༡༡ ནང་ལ་ལས་ཡུན་གཙང་ནས་རྒས་ཡོལ་དུ་ཕེབས་ཟིན་པ་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་གོ་ཡུལ་མུ་མཐུད་བསྐང་མ་ཐུབ་པའི་གནས་སྟངས་ཆགས་ཀྱི་ཡོད་པ་རེད།དེ་རིང་གྲོས་ཚོགས་སུ་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་དོན་ཚན་བཅུ་དྲུག་དང་བཅུ་བདུན། བཅུ་དགུ་བཅས་དང་འབྲེལ་བའི་གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་གཏན་འབེབས་ཀྱི་ལས་རིམ་ཐོག་ཕེབས་སྐབས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་དོན་ཚན་བཅུ་དགུ་པ། དམིགས་བསལ་བསྐོ་གཞག་གི་ནང་གསེས་ལྔ་པར་ཉེ་བའི་ཁྲིམས་ལུགས་རབ་འབྱམས་པ་ཐོན་པའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་རིམ་པ་འོག་མའི་ཁྲིམས་ཞིབ་པ་དང་། ཁྲིམས་དྲུང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཡུལ་ཁྲིམས་དཔྱད་ཞིབ་པ་བཅས་ཀྱི་ཁྲིམས་དོན་ལས་བྱེད་གསར་བསྐོ་དང་འབྲེལ་བའི་སྒྲིག་གཞི་གསར་འཇུག་ལ་གྲོས་ཚོགས་ནས་དགོས་ངེས་ཀྱི་རྒྱབ་སྐྱོར་མ་ཐོབ་པར་བརྟེན་གཏན་འབེབས་ཐུབ་མེད།   གཞན་ཡང་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲི་གཞི་དོན་ཚན་བཅུ་བདུན་པ། ཞབས་གཡར་དང་ཆོད་དོན་བསྐོ་གཞག་ཞེས་པའི་ཁོངས་སུ་བསྐོ་གཞག་གནང་བའི་ཆོད་གན་ལས་བྱེད་ཁག་ལོ་བཞིའི་མཚམས་སུ་བསྐྱར་བསྐོ་ཐེངས་གཅིག་གནང་རྒྱུའི་བསྐྱར་བཅོས་སྒྲིག་གཞི་དེ་དགོས་ངེས་ཀྱི་རྒྱབ་སྐྱོར་མ་ཐོབ་སྟབས་གཏན་འབེབས་ཐུབ་མེད་པ་དང་། དོན་ཚན་དྲུག་པ་ལས་བྱེད་གནས་སྤར་དང་བཀོད་སྒྲིག འཕོ་ལེན་ཞེས་པའི་ནང་གསེས་བརྒྱ་པ་གསར་འཇུག་དང་། དོན་ཚན་བཅུ་དགུ་པ་དམིགས་བསལ་བསྐོ་གཞག་གི་ནང་གསེས་གསུམ་པ་དང་བཞི་པའི་བསྐྱར་བཅོས་ལ་སྒྲིག་གཞི་དང་། ནང་གསེས་དྲུག་པ་ལས་ཁུངས་ཁག་ཏུ་ཁྱད་ལས་ཀྱི་ལས་རིགས་གཏན་འཇགས་སུ་དགོས་མཁོ་ཡོད་པའི་ལས་དོན་ངེས་ཅན་ཞིག་གི་སླད་དུ་ཁྱད་ལས་པ་བསྐོ་གཞག་གནང་རྒྱུའི་གསར་འཇུག་སྒྲིག་གཞི་བཅས་ལ་དགོས་ངེས་སྤྱི་འཐུས་ཀྱི་རྒྱབ་སྐྱོར་ཐོག་གཏན་འབེབས་ཐུབ་ཡོད།   སྒྲིག་གཞི་དོན་ཚན་བཅུ་དགུ་པ་དམིགས་བསལ་བསྐོ་གཞག་གི་ནང་གསེས་བཞི་པ་བསྐྱར་བཅོས་གནང་བའི་ནང་དེ་སྔ་བཀའ་ཤག་ནས་དམིགས་བསལ་ལས་བྱེད་ ༡༨ བསྐོ་གཞག་གནང་ཆོག་པ་དེ་བསྒྱུར་བཅོས་གནང་སྟེ་སྐུ་ཚབ་དོན་གཅོད་ཁང་ཁག་ཏུ་རྒྱ་རིགས་འབྲེལ་མཐུད་པ་དང་ལྟ་གྲུབ་དགེ་རྒན་གྱི་ས་མིག་ཏུ་ལས་བྱེད་བསྐོ་གཞག་དགོས་གལ་འབྱུང་ཚེ། བཀའ་ཤག་གིས་རྒྱབ་གཉེར་ཐོག་ཟུང་དྲུང་མན་གྱི་གནས་རིམ་དུ་ལོ་ལྔའི་རིང་ལས་བྱེད་དགུ་ལས་མི་མང་བ་བསྐོ་གཞག་ཆོག་པ་བཟོས་ཡོད།

གཞུང་ཆེན་རིགས་གཅིག་རྐང་འཛིན་གྱི་སྒྲིག་གཞི་བསྐྱར་བཅོས་དང་འབྲེལ་ནས་དགོངས་ཚུལ་ཕྱོགས་སྒྲིག་གིས་ཆོས་བརྒྱུད་སྤྱི་འཐུས་རྣམ་པར་གོ་བསྡུར་གནང་རྒྱུ།

སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པའི་ལས་ཉིན་ ༨ དང་ ༩ ཐོག་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་སྔོན་རྩིས་གཏན་འབེབས་དང་འབྲེལ་ནས་ཆོས་རིག་ལས་ཁུངས་ཀྱི་ལས་དོན་བྱེད་ཕྱོགས་ཐད་ལ་བགྲོ་གླེང་ལྷུག་པོ་གནང་བའི་ཁྲོད་ཆོས་རིག་བཀའ་བློན་སྤེན་པ་ཚེ་རིང་མཆོག་གིས་གཞུང་ཆེན་རིགས་གཅིག་རྐང་འཛིན་གྱི་སྒྲིག་གཞི་བསྐྱར་བཅོས་དང་དགོངས་ཚུལ་ཕྱོགས་སྒྲིག་གནང་སྟེ་ཆོས་བརྒྱུད་ཁག་གི་སྤྱི་འཐུས་རྣམ་པ་གདན་ཞུ་ཐོག་གོ་བསྡུར་ལམ་ནས་འབད་བརྩོན་གནང་རྒྱུ་ཡིན་ཞེས་གསུངས་སོང་། དེ་རིང་གི་ཚོགས་ཐུན་གསུམ་པའི་ཐོག་གཞུང་ཆེན་རིགས་གཅིག་རྐང་འཛིན་གྱི་གནད་དོན་དང་འབྲེལ་ནས་སྤྱི་འཐུས་ཁག་ཅིག་གིས་ད་བར་ཉམས་ཞིབ་པ་ག་ཚོད་ཙམ་མཐར་སོན་པ་བྱུང་ཡོད་པ་དང་། གཞུང་ཆེན་རིགས་གཅིག་རྐང་འཛིན་གྱི་སྒྲིག་གཞིར་བསྐྱར་བཟོས་གནང་དགོས་ཞེས་གསུངས་དོན་ལྟར། ཆོས་རིག་བཀའ་བློན་མཆོག་གིས་ད་བར་རིགས་གཅིག་རྐང་འཛིན་སྐབས་གཉིས་དང་སྐབས་རེ་རེར་ཉམས་ཞིབ་པ་བཅུ་རེ་འཐོན་པ་ངོ་སྤྲོད་དང་སྦྲགས། མཐར་སོན་པའི་ཉམས་ཞིབ་པ་དགེ་བཤེས་ཁག་ཅིག་གིས་སྒྲིག་གཞི་བསྐྱར་བཅོས་དང་ཁ་སྣོན་དགོས་པ་སོགས་ཀྱི་དགོངས་ཚུལ་ཕེབས་དོན་བཞིན་ཁོང་རྣམ་པའི་དགོངས་ཚུལ་དང་གྲོས་ཚོགས་ཀྱི་དགོངས་ཚུལ་ཆ་ཚང་སྤུངས་ནས་ཕྱོགས་སྒྲིག་གནང་སྟེ་ཆོས་བརྒྱུད་ཁག་གི་སྤྱི་འཐུས་རྣམ་པ་གདན་ཞུ་ཐོག་གོ་བསྡུར་ལམ་ནས་འབད་བརྩོན་གནང་རྒྱུ་ཡིན་ཞེས་གསུངས་ཡོད། དེ་བཞིན་སྤྱི་འཐུས་གཞན་ཞིག་གིས་རིགས་གཅིག་རྐང་འཛིན་གནང་མཁན་ཚོས་ཆོས་བརྒྱུད་བྱེ་བྲག་པ་གཅིག་གི་ཐོག་ལ་ཉམས་ཞིབ་གནང་རྒྱུ་མིན་པར་ཆོས་བརྒྱུད་ཚང་མའི་ཐད་ལ་ཉམས་ཞིབ་གནང་མཁན་ཞིག་འབྱུང་ཚེ་ཞེས་པ་དང་འབྲེལ་ཏེ། ཆོས་རིག་བཀའ་བློན་མཆོག་གིས་ཀྱང་ཉམས་ཞིབ་བྱེད་སྟངས་དང་འབྲེལ་ནས་རང་ལུགས་ཙམ་མིན་པར་གཞན་ལུགས་དང་ལྷག་པར་དུ་ཆོས་ལུགས་གཞན་ཚོའི་ལྟ་གྲུབ་སོགས་ལ་ཉམས་ཞིབ་གནང་ཐུབ་ཚེ་རིགས་གཅིག་རྐང་འཛིན་པ་དོན་སྨིན་སོན་པ་ཞིག་ཆགས་རྒྱུ་ཙམ་མ་ཟད། ཚན་རིག་པ་ཚོ་དང་ལྷན་དུ་བཀའ་མོལ་གནང་ཐུབ་རྒྱུ་དེ་ནི་༸གོང་ས་མཆོག་གི་དགོངས་པ་ཡིན་པ་ལྟར། དེ་ལྟ་བུའི་གནས་སྟངས་ཤིག་ཡོང་བར་དུས་ཚོད་ངེས་ཅན་ཞིག་འགོར་གྱི་ཡོད་སྟབས་འབད་བརྩོན་དང་མཐུན་འགྱུར་གང་དགོས་གནང་རྒྱུ་ཡིན་ཞེས་གསུངས་སོང་། དེ་བཞིན་སྤྱི་འཐུས་གཞན་ཞིག་གིས་བོད་ཕྱི་ནང་གཉིས་སུ་གནས་བཞུགས་བོད་མི་ཚོའི་ངོས་ནས་ཤེས་འདོད་ཡོད་པའི་གནས་ཚུལ་གཅིག་ནི་༸དཔལ་རྒྱལ་དབང་ཀརྨ་པ་མཆོག་གི་གནས་སྟངས་ཡིན་སྟབས། རིན་པོ་ཆེ་མཆོག་གི་ད་ལྟའི་གནས་སྟངས་གང་འདྲ་ཆགས་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་ཆོས་རིག་བཀའ་བློན་མཆོག་གིས་ད་ལྟའི་བཀའ་ཤག་གི་ངོས་ནས་ཀརྨ་པ་རིན་པོ་ཆེ་མཆོག་གི་གནད་དོན་དང་འབྲེལ་ནས་བང་ཆེན་གྱི་ངོ་བོའི་ཐོག་ནས་རྒྱ་གར་གཞུང་དང་རིན་པོ་ཆེའི་དགོངས་པ་གཞིར་བཟུང་ཞབས་ཕྱི་ཞུ་རྒྱུའི་འདུན་པ་ཡོད་སྐོར་དང་འབྲེལ་ནས་རྒྱ་གར་གཞུང་གི་མཐོ་རིམ་དཔོན་རིགས་དང་རིན་པོ་ཆེ་མཆོག་གཉིས་ཀར་མཇལ་མོལ་ཞུ་རྒྱུ་ཡིན་གསུངས་པ་དང་འབྲེལ། དེ་སྔ་རྒྱ་གར་གཞུང་གི་བདེ་འཇགས་ལས་ཁུངས་བརྒྱུད་སྐུ་ངལ་འཕྲད་བཞིན་པ་ལྟར་རྒྱ་གར་གྱི་ནུབ་བྷེང་གྷལ་དང་སྒང་ཏོག་ནང་ཆིབས་བསྒྱུར་གནང་ཐུབ་ཀྱི་མེད་པའི་སྐུ་ངལ་དེ་ད་ཆ་འགྱུར་བ་ཕྱིན་ཟིན་ཡོད་སྐོར་དང་། རྒྱ་གར་གཞུང་ནས་གནད་དོན་གལ་ཆེ་བ་གཞན་ཁག་ཅིག་ལ་རོགས་འདེགས་གནང་ཐུབ་ཚེ་རིན་པོ་ཆེ་མཆོག་རྒྱ་གར་ལ་གདན་འདྲེན་ཞུ་རྒྱུར་འགོག་རྐྱེན་འཕྲད་རྒྱུ་མིན་པར་གསུངས་སོང་། གཞན་ཡང་ཆོས་རིག་ལས་ཁུངས་དང་འབྲེལ་ནས་སྤྱི་ཚོགས་དྲྭ་རྒྱའི་ཐོག་༸གོང་ས་མཆོག་དང་བླ་ཆེན་ཁག་ལ་འཚེ་མེད་ཞུ་མཁན་ཚོར་ཆོས་རིག་དང་བདེ་སྲུང་ལས་ཁུངས་གཉིས་ནས་འགན་འཐུས་ཚང་བཞེས་དགོས་སྐོར་གསུངས་དོན་ལྟར་ཆོས་རིག་བཀའ་བློན་མཆོག་གིས་འཚེ་མེད་ཞུ་མཁན་གྱི་མི་སྣ་དེ་དག་ལ་འབྲེལ་བ་ཞུས་ཏེ་མཚམས་འཇོག་དགོས་པར་གསུང་རྒྱུ་ཡིན་ཞེས་གསུངས་ཡོད།ཆོས་རིག་ལས་ཁུངས་ཀྱི་སྔོན་རྩིས་གཏན་འབེབས་གནང་ཟིན་པའི་རྗེས་སུ་འཕྲོད་བསྟེན་ལས་ཁུངས་ཀྱི་སྔོན་རྩིས་ཐོག་བགྲོ་གླེང་གནང་བ་མ་ཟད། ཤེས་རིག་དང་ནང་སྲིད་བཅས་ཀྱི་སྔོན་རྩིས་གཏན་འབེབས་གནང་ཡོད། ཆེ་མཐོའི་ཁྲིམས་ཞིབ་ཁང་གི་སྔོན་རྩིས་དང་འབྲེལ་ནས་ངེས་ཅན་གཏན་འབེབས་གནང་སྐབས་ད་ལྟའི་ཁྲིམས་ཞིབ་པ་གཉིས་ཀྱི་གནད་དོན་དང་འབྲེལ་ནས་སྔོན་རྩིས་གཏན་འབེབས་གནང་མ་ཐུབ་པར་སྒོ་ཕྱེ་ནས་བཞག་པ་དེར་དེ་རིང་མུ་མཐུད་གཏན་འབེབ་གནང་སྐབས། སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་ལགས་ཀྱིས་ད་ལྟའི་ཁྲིམས་ཞིབ་པ་གཉིས་ཁྲིམས་འགལ་དང་ཁྲིམས་འགལ་ཐོག་ནས་གླ་ཕོགས་སྤྲད་ན་འགྲིག་གི་མེད་ཅེས་དེ་སྔ་བཤད་པ་ལྟར་རང་སོར་ཡིན་ཞེས་གསུངས་ཏེ། གྲོས་ཚོགས་ནས་ཕྱིར་ཐོན་གནང་ཡོད་པ་མ་ཟད། སྤྱི་འཐུས་གཞན་ཁག་ཅིག་ཀྱང་ཕྱིར་ཐོན་གནང་རྐྱེན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྔོན་རྩིས་དེ་མང་མོས་སྒོ་ནས་གཏན་འབེབས་གནང་སོང་ལ། སྔོན་རྩིས་གཏན་འབེབ་གྲུབ་མཚམས་སུ་སླར་ལས་ཁུངས་ཁག་གི་ལས་དོན་ཐོག་མུ་མཐུད་བགྲོ་གླེང་གནང་ཡོད།

བོད་སློབ་དགེ་རྒན་རྣམ་པའི་གསོལ་ཕོགས་སྤར་ཆ་གནང་དགོས་པའི་གཞེན་སྐུལ།

དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་དགུ་པའི་ཐོག་ཤེས་རིག་ལས་ཁུངས་ཀྱི་སྔོན་རྩིས་དང་ལས་དོན་བྱེད་ཕྱོགས་ཐོག་བགྲོ་གླེང་གནང་བ་ཁྲོད་སྤྱི་འཐུས་མང་དག་ཅིག་གིས་སློབ་གྲྭའི་དགེ་རྒན་ཚོར་གསོལ་ཕོགས་འདང་ངེས་ཤིག་མེད་སྟབས་དེ་ལྟར་གནང་དགོས་པ་དང་དེ་བཞིན་ཆོད་གན་གྱི་ངོ་བོར་བཀོད་སྒྲིག་གནང་བའི་དགེ་རྒན་རྣམས་གཏན་འཇགས་སུ་བསྐོ་གཞག་དགོས་པར་ཞལ་གཅིག་གྲག་གིས་གཞེན་སྐུལ་གནང་སོང་།ཁ་སང་ཉིན་རྒྱབ་ཤེས་རིག་ལས་ཁུངས་ཀྱི་ལས་དོན་གནང་ཕྱོགས་དང་འབྲེལ་བགྲོ་གླེང་དང་དྲི་བ་དྲིས་ལན་བཅས་དབུ་འཛུགས་གནང་སྟེ་དེ་རིང་སྔ་དྲོ་དེའི་ཐོག་མུ་མཐུད་བགྲོ་གླེང་གནང་སྐབས་སྤྱི་འཐུས་མང་དག་ཅིག་གིས་གཏན་ཉིན་སློབ་གྲྭ་ཁག་ཏུ་ཤེས་ཡོན་ཚད་དང་ལྡན་པ་ཡོང་མིན་ནི་གཙོ་བོ་དགེ་རྒན་རྣམ་པར་རག་ལས་ཡོད་སྟབས་སློབ་གྲྭ་ཁག་གི་དགེ་རྒན་ཚོ་སྤུས་ཚད་ལྡན་པ་ཞིག་ཡོང་བར་དགེ་རྒན་ཚོའི་གསོལ་ཕོགས་གཙོས་འགྱུར་མཐུན་རྐྱེན་ཁག་སྤར་ཐབས་གནང་དགོས་གལ་དང་འབྲེལ། ཆོད་གན་གྱི་ངོ་བོར་བཀོད་སྒྲིག་གནང་བའི་དགེ་རྒན་རྣམས་གཏན་འཇགས་སུ་བསྐོ་གཞག་གནང་དགོས་གལ་དང་ལྷག་དོན་ཉེ་དུས་བོད་ལུགས་ཀྱི་གནམ་ལོ་གསར་བཞེས་སྐབས་༸གོང་ས་མཆོག་གིས་བོད་ཕྲུག་ཚོར་བོད་ཡིག་ལ་དམིགས་བསལ་དོ་སྣང་ཤུགས་ཆེ་བྱེད་དགོས་ཞེས་བཀའ་ནན་བསལ་བ་ལུང་འདྲེན་གྱིས་བོད་ཡིག་དགེ་རྒན་ཚོར་གསོལ་ཕོགས་སྤར་ཆ་ཐད་དམིགས་བསལ་དགོངས་པ་བཞེས་དགོས་པའི་དགོངས་འཆར་ཕུལ་མཁན་ཡང་བྱུང་སོང་།ཤེས་རིག་བཀའ་བློན་མཆོག་གིས་དབུས་བོད་སློབ་འཛིན་ཚོགས་དང་སམ་བྷོ་ཌའི་དགེ་རྒན་རྣམ་པའི་གསོལ་ཕོགས་ནི་བཙན་བྱོལ་བོད་མིའི་གནས་བབ་ལ་གཞིགས་པའི་ཞན་པོ་ཞིག་ལ་ངོས་ལེན་གནང་གི་མེད་པ་དང་ད་ཆ་བོད་སློབ་འཛིན་སྐྱོང་ཚོགས་པའི་སློབ་གྲྭ་རྣམས་ཤེས་རིག་ལས་ཁུངས་ནས་བརྩི་བཞེས་མུས་ཡིན་པའི་གནས་སྟངས་འོག་ནས་ད་ལྟའི་ཆར་དགེ་རྒན་རྣམ་པའི་གསོལ་ཕོགས་སྤར་ཆ་གནང་དཀའ་ཡང་། མ་འོངས་པར་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་ཁག་ཡོངས་རྫོགས་རྩིས་ལེན་རྩིས་སྤྲོད་གྲུབ་རྗེས་སྐབས་དེའི་སློབ་གྲྭ་དང་སློབ་ཕྲུག་གི་གནས་བབ་བཅས་ལ་གཞིགས་པའི་དགོངས་བཞེས་གནང་རྒྱུ་ཡིན་ཞེས་བཀའ་ལན་གནང་ཡོད།སྤྱི་འཐུས་གཞན་ཞིག་གིས་གལ་ཏེ་ཤེས་རིག་ལས་ཁུངས་ནས་ཆོད་གན་གྱི་དགེ་རྒན་རྣམས་གཏན་འཇགས་སུ་བསྐོ་གཞག་གནང་ཐབས་བྲལ་བ་ཡིན་ཚེ་ཁོང་རྣམས་ཐུགས་བདེ་དང་ལས་གནས་ནས་དགོངས་ཞུ་མི་གནང་བའི་སླད་གཏན་འཇགས་སུ་བསྐོ་གཞག་གནང་རྒྱུའི་ཞལ་བཞེས་གནང་དགོས་པའི་དགོངས་འཆར་ཕུལ་སོང་། ཡང་དཔེ་སྟོན་སློབ་མ་རྣམ་པའི་དབྱིན་ཇིའི་སྐད་ཡིག་རང་རྐྱ་འཕེལ་ཡོང་ཐབས་དང་འབྲེལ་བའི་བཀའ་འདྲི་ཕེབས་དོན་ལྟར་བཀའ་བློན་མཆོག་གིས་ཉེ་ཆར་ཤེས་ཡོན་ལྷན་ཚོགས་དང་ལམ་སྟོན་ཚོགས་ཆུང་གི་ལྷན་ཚོགས་ཐོག་སློབ་གྲྭ་ཁག་བཅིུས་ནང་བཅར་འདྲི་གནང་སྟེ་ཉམས་ཞིབ་བརྒྱུད་དབྱིན་ཇིའི་བསླབ་གཞི་རྩ་འཛིན་ཚད་ལྡན་ཞིག་གཏན་འབེབས་གནང་ཡོད་སྐོར་གསུངས་སོང་།བགྲོ་གླེང་སྐབས་ཆ་བཤེས་བཞེས་མཁན་སྤྱི་འཐུས་ཁག་ཅིག་ནས་ཏཱ་ལའི་བླ་མའི་མཐོ་སློབ་དང་འབྲེལ་ནས་བོད་ཁྱིམ་གྱི་འཛིན་རིམ་བཅིུས་སློབ་མ་རྣམས་ངེས་པར་དུ་ཏཱ་ལའི་བླ་མའི་མཐོ་སློབ་ལས་རྒྱ་གར་གྱི་མཐོ་སློབ་གཞན་ཁག་ནང་བསྐྱོད་ཚེ་དེ་དག་ལ་བོད་ཁྱིམ་གྱི་ངོས་ནས་སློབ་ཡོན་གནང་གི་མེད་པར་གསལ་བཤད་དགོས་སྐོར་བཀའ་འདྲི་ཞུས་སོང་བ་དང་སྐབས་དེར་བཀའ་བློན་མཆོག་གིས་ཏཱ་ལའི་བླ་མའི་མཐོ་སློབ་འདི་བོད་ཕྲུག་ཁྱིམ་སྡེས་གཙོ་བོ་འགན་བཞེས་ཏེ་རྒྱ་གར་གཞུང་གིས་ངོས་འཛིན་ཐོབ་པའི་གཙུག་ལག་སློབ་གཉེར་ཁང་ཞིག་ཡིན་པ་དང་འདི་སྲ་བརྟན་དང་རྒྱུན་གནས་ཐུབ་པར་སློབ་མའི་སློབ་འཇུག་དེ་གལ་འགངས་ཆེན་པོ་ཆགས་ཀྱི་ཡོད་སྐོར་དང་། གལ་ཏེ་སློབ་ཕྲུག་རང་གི་ངོས་ནས་མཐོ་སློབ་དེར་བསྐྱོད་འདོད་མེད་ཚེ་སློབ་ཡོན་མ་རག་པའི་དཀའ་ངལ་ཡོད་ན་དེར་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་རམ་འདེགས་ཞུ་རྒྱུའི་ལམ་ལུགས་སྲོལ་ཞིག་ཡོད་པར་ངོས་འཛིན་གནང་གི་ཡོད་ཅེས་གསུངས་སོང་།གྲོས་ཚོགས་སུ་བཀའ་བློན་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ JNU མཐོ་སློབ་ནང་འདས་པའི་ལོ་ཤས་ནས་སློབ་ཡོན་སྤར་ཆ་ཤུགས་ཆེ་གནང་རྐྱེན་བོད་རིགས་སློབ་མ་རྣམས་ལ་སློབ་འཇུག་གི་དཀའ་ངལ་འཕྲད་པ་དང་ད་ཆ་མཐོ་སློབ་དེར་སློབ་གཉེར་གནང་བཞིན་པའི་སློབ་མ་བཅུ་ཙམ་ལས་མེད་པའི་གནས་སྟངས་འགྲེལ་བརྗོད་ཀྱིས་ཤེས་རིག་ལས་ཁུངས་ནས་གནད་དོན་དེའི་ཐད་ལྡི་ལི་བོད་ཀྱི་སྐུ་ཚབ་དོན་གཅོད་བརྒྱུད་འབྲེལ་ཡོད་མཐོ་སློབ་ལ་འབྲེལ་བ་གནང་རྒྱུའི་ཐབས་ཤེས་གང་ཐུབ་གནང་ཡོད་ཀྱང་དེར་དོན་འབྲས་སོན་ཡོད་མེད་ལ་ལྟོས་མེད་མུ་མཐུད་འབད་བརྩོན་ཞུ་རྒྱུ་ཡིན་པར་བཀའ་ལན་གནང་ཡོད།གཞི་རྩའི་དེ་རིང་གྲོས་ཚོགས་ཀྱི་སྔ་དྲོའི་ཚོགས་དུས་དེའི་ཐོག་གཞན་ཡང་རྒྱ་གར་དབུས་གཞུང་གི་གྲོས་ཚོགས་འཐུས་དང་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སྐུ་ཞབས་ Pandit Ram Swaroop Sharma ལགས་སྐུ་ཚེ་འཕེན་པ་རྫོགས་པར་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་ཞིག་ཀྱང་གཏན་འབེབས་གནང་ཡོད་པ་དང་ཉིན་རྒྱབ་ཀྱི་ཚོགས་དུས་བཞི་པར་ནང་སྲིད་ལས་ཁུངས་ཀྱི་སྔོན་རྩིས་དང་ལས་དོན་བྱེད་ཕྱོགས་ཐོག་བགྲོ་གླེང་ཕེབས་ཡོད་པ་རེད།

སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་བརྒྱད་པ་མཇུག་སྒྲིལ།

དེ་རིང་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དབུ་བཞུགས་ཐོག་སྔ་དྲོ་ཕྱི་དྲིལ་ལས་ཁུངས་དང་ཉིན་རྒྱབ་འཕྲོད་བསྟེན་ལས་ཁུངས་ཀྱི་ལོ་ཁོར་ལས་བསྡོམས་ཐོག་སྤྱི་འཐུས་རྣམ་པའི་བགྲོ་གླེང་དང་འཕྲོས་སྐྱོང་ཡོད་ཐོག་གོ་སྐབས་གནང་རྗེས་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པ་མཇུག་སྒྲིལ་གནང་སོང་། སྐབས་དེར་ཚོགས་གཙོས་འཛིན་སྐྱོང་བཀའ་ཤག་ནས་སྤྱི་འཐུས་རྣམ་པའི་དགོངས་འཆར་ཇི་ཕེབས་ཁག་གལ་ཆེན་པོར་ངོས་བཞེས་ཀྱིས་དེ་དག་ཕྱག་བསྟར་གནང་དགོས་པ་དང། ཕྱག་བསྟར་གནང་མ་ཐུབ་ཚེ་དེ་ལྟར་མ་ཐུབ་པའི་ལན་གསོལ་པོ་གནང་དགོས་གལ་ཡིན་པ། སྤྱི་འཐུས་རྣམ་པའི་ངོས་ནས་ཀྱང་སྤྱི་འཐུས་རྣམ་པ་དང་མི་མང་དབར་རྒྱང་ཐག་མེད་པ་བཟོ་ཆེད་དུ་ས་གནས་ཁག་ལ་ས་བགོས་གནང་སྟེ་འཚམས་གཟིགས་ཕེབས་རྒྱུ་གོ་སྒྲིག་གནང་གི་ཡོད་པ་བཞིན་སྤྱི་འཐུས་རྣམས་ནས་དེ་ལྟར་གཙིགས་ཆེར་ངོས་བཞེས་ཀྱིས་ཕྱག་བསྟར་གནང་གནད་ཡིན་པ་གསུངས་སོང་། ཚོགས་གཙོ་མཆོག་གིས་ད་དུང་ཚོགས་དུས་བརྒྱད་པ་འདིའི་ཐོག་བགྲོ་གླེང་ཤུགས་ཆེ་བྱུང་བའི་གནད་དོན་ཁག་གཅིག་གི་ཐོག་ལམ་སྟོན་དང་དགོངས་འཆར་ཁག་གཅིག་གནང་བའི་ཁོངས་སུ་ད་ལན་ནང་སྲིད་ཀྱི་ལས་བསྡོམས་དང་འབྲེལ་ས་ཁང་གི་སྒྲིག་གཞིའི་ཐོག་གླེང་སློང་ཤུགས་ཆེ་བྱུང་སྐོར་དང་འབྲེལ། ས་ཁང་གི་སྒྲིག་གཞི་དེ་དག་ནི་དེ་སྔ་སྤྱི་འཐུས་སྐབས་ ༡༣ པའི་སྐབས་སུ་འཛིན་སྐྱོང་གི་དགོས་མཁོ་བཞིན་གཏན་འབེབས་གནང་བ་ཆགས་ཀྱི་ཡོད་པ་དང་དེའི་ཐོག་འཛིན་སྐྱོང་རིམ་པས་བསྐྱར་བཅོས་ཀྱི་གྲོས་འཆར་རིམ་པ་ཆེད་བཏོན་དང་འགྱུར་བ་རིམ་པ་བཏང་ཡོད་ཀྱང་། དུས་ད་ལྟའང་ས་ཁང་སྒྲིག་གཞི་གཞིར་བཟུང་ཕྱག་བསྟར་གནང་ཐུབ་ཀྱི་མེད་པའི་རྣམ་པ་གསལ་པོ་མངོན་རྒྱུ་ཡོད་སྟབས། དམིགས་བསལ་ཚོགས་ཆུང་ཞིག་བསྐོ་འཛུགས་གནང་སྟེ་ས་གནས་སོ་སོའི་གནས་སྟངས་ལ་གཞིགས་ཏེ་ཞིབ་འཇུག་གིས་བསྐྱར་བཅོས་གནང་ཐུབ་ཚེ་དགེ་མཚན་སྐོར་ལམ་སྟོན་གནང་སོང། དེ་བཞིན་ཉམ་ཐག་གི་གནས་སྟངས་དང་འབྲེལ་ཏེ་ང་ཚོའི་སྲིད་བྱུས་དེ་ཉམ་ཐག་མེད་པ་བཟོ་རྒྱུ་དེ་ཡིན་སྟབས། ད་བར་གྱི་ཉམ་ཐག་གཟིགས་སྐྱོང་གནང་ཕྱོགས་དེ་འགྲིག་ཡོད་མེད་ཐོག་ཐུགས་ཞིབ་གནང་དགོས་པ་མ་ཟད་ཐེངས་འདིའི་གྲོས་ཚོགས་ཐོག་སྤྱི་འཐུས་ཁག་གཅིག་ནས་ཨོ་སི་ཊོ་ལི་ཡའི་ Sydney བོད་རིགས་སྤྱི་མཐུན་ཚོགས་པ་དང་སྐུ་ཚབ་དོན་གཅོད་ཕྱོགས་གཉིས་དབར་རྩོད་རྙོག་ཐོག་གླེང་སློང་བྱུང་བ་བཞིན་དཀའ་རྙོག་དེ་རིགས་མེད་པ་བཟོ་དགོས་པ་དང་མ་འོངས་པར་དེ་ལྟར་མི་ཡོང་བ་གནང་དགོས་པ་སོགས་ཀྱི་ལམ་སྟོན་གནང་ཡོད། གྲོས་ཚོགས་ཐོག་སྲིད་སྐྱོང་མཆོག་གིས་བོད་རྒྱ་འབྲེལ་མོལ་གྱི་གནད་དོན་དང་འབྲེལ་ནས་༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་མཚན་སྨོས་པ་བཅས་ཀྱི་ཁྲོད་སྤྱི་འཐུས་ཁག་གཅིག་ནས་དེའི་ཐོག་གླེང་སློང་རིམ་པ་བྱུང་བ་ལྟར། དེ་རིང་ཚོགས་གཙོ་མཆོག་གིས་མ་འོངས་པར་གྲོས་ཚོགས་ཚོགས་པའི་སྐབས་སུ་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་ཕྱག་ལས་གནང་ཕྱོགས་འགྲིག་དང་མ་འགྲིག་སྐོར་ལ་གླེང་སློང་གནང་རྒྱུ་མེད་པའི་འབོད་སྐུལ་བསྐྱར་ནན་གནང་ཡོད། རྩ་བའི་གྲོས་ཚོགས་ཚོགས་དུས་བརྒྱད་པ་འདིའི་ཐོག་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་ལྷན་ཁང་ཁག་གི་ལོ་འཁོར་ལས་བསྡོམས་སྙན་སྒྲོན་དང་དེ་དག་ཐོག་བགྲོ་གླེང་གནང་ཡོད་པ་དང། དེ་བཞིན་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་དོན་ཚན་ལྔ་ཅན་གྱི་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་གཅིག གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོས་ ༩ དེ་བཞིན་མང་གཙོ་རྩིས་ཁྲ་ཚོགས་ཆུང་བསྐོ་འཛུགས་དགོས་པའི་གྲོས་ཆོད་གྲོས་འཆར་གཅིག་བཅས་གཏན་འབེབས་གནང་ཡོད་པ་རེད། དེ་མིན་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་གཅིག་དང་ཁྲིམས་ཞིབ་པ་གཞན་གཅིག དབུས་འོས་བསྡུ་ལས་ཁངས་དང་གཞུང་ཞབས་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་གཅིག་ལྕོགས་བཅས་གསར་འདེམས་དང་ཁྲིམས་བཟོའི་ལས་དོན་ཁག་ ༦ ཙམ་ཐོག་ཕེབས་པ་སོགས་ཡིག་ཆ་ཨང་ ༥༣ ཙམ་འགྲེམས་སྤེལ་གནང་ཡོད་པ་རེད། དེ་བཞིན་ཡོ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཡོ་རོབ་རྒྱལ་ཁབ་ཁག་ཅིག་ཏུ་བོད་དོན་ལས་འགུལ་སྤེལ་བཞིན་པ་དང་འབྲེལ་ནས་གྲོས་ཚོགས་སུ་བཅར་མ་ཐུབ་པ་མ་གཏོགས་ཐེངས་འདིའི་གྲོས་ཚོགས་ཐོག་ཚོགས་གཙོ་གཞོན་པ་མཆོག་གིས་དབུས་པའི་སྤྱི་འཐུས་ཞལ་གྲངས་ ༤༢ ནས་མཉམ་ཞུགས་གནང་ཡོད་པ་རེད།  

སྲིད་སྐྱོང་མཆོག་ནས་མཁྱེན་རྟོགས་མེད་པར་རྒྱ་གཞུང་དང་འབྲེལ་བ་གནང་ཚེ་དེ་ནི་བཀའ་ཤག་གི་ལམ་སྟོན་དང་འགལ་བ་རེད།

བོད་མིའི་སྒྲིགས་འཛུགས་ཀྱི་སྲིད་སྐྱོང་དང་ཕྱི་དྲིལ་བཀའ་བློན་གཅིག་ལྕོགས་བློ་བཟང་སེང་གེ་མཆོག་གིས་དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་མཐའ་མའི་ཐོག་ཕྱི་དྲིལ་ལས་ཁུངས་ཀྱི་རྩིས་ལོའི་ལས་བསྡོམས་ཐོག་བགྲོ་གླེང་གནང་སྐབས་བོད་རྒྱ་འབྲེལ་མོལ་དང་འབྲེལ་ཏེ་གནད་དོན་གཅིག་དང་བརྒྱུད་ལམ་གཅིག་ཞེས་པའི་བཀའ་ཤག་གི་ལམ་སྟོན་དུས་ད་ལྟའང་གནས་ཡོད་པ་དང། བཀའ་ཤག་ནས་མཁྱེན་རྟོགས་མེད་པར་རྒྱ་གཞུང་དང་འབྲེལ་བ་གནང་གི་ཡོད་ཚེ་དེ་བཀའ་ཤག་གི་ལམ་སྟོན་དང་ཡོངས་སུ་འགལ་བ་མ་ཟད་རྩ་དོན་ལ་གནོད་གཞི་ཞིག་ཡིན་པ་གསུངས་སོང་། དེ་རིང་གྲོས་ཚོགས་ཉིན་མཐའ་མའི་སྔ་དྲོའི་ཚོགས་དུས་ཐོག་སྤྱི་འཐུས་ཁག་གཅིག་གིས་སྤྱིར་སྲིད་སྐྱོང་མཆོག་ནས་གྲོས་ཚོགས་ཀྱི་ལས་ཉིན་དང་པོའི་ཐོག་བོད་རྒྱ་འབྲེལ་མོལ་གྱི་གནད་དོན་ཐད་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་རྒྱ་ནག་སྡེ་ཚན་ནས་ཐུགས་འགན་བཞེས་བཞིན་ཡོད་སྐོར་གསུངས་པ་དེ་ལྟར་ཡང་། སྲིད་སྐྱོང་མཆོག་ཆབ་སྲིད་ཀྱི་དབུ་ཁྲིད་ཅིག་ཡིན་པའི་ཆ་ནས་བོད་ཀྱི་དཀའ་རྙོག་སེལ་རྒྱུ་དང་སྒོས་བོད་རྒྱ་འབྲེལ་མོལ་ཐོག་ཕྱག་ལས་གང་དང་གང་གནང་ཡོད་མེད་སླར་ཡང་བཀའ་འདྲི་ཞུ་མཁན་བྱུང་སོང། སྲིད་སྐྱོང་མཆོག་གིས་བོད་རྒྱ་འབྲེལ་མོལ་ཐོག་ཟུར་ལ་བཀའ་འདྲི་གནང་མཁན་ཡོད་ན་བཀའ་ལན་གནང་རྒྱུ་ཡིན་པ་དང། གྲོས་ཚོགས་ཐོག་ཚང་མ་ཞུ་ན་ཕན་ལས་གནོད་མང་བ་ཡོང་རྒྱུ་ཡིན་སྐོར་གསུངས་ཡོད། འོན་ཀྱང་སྲིད་སྐྱོང་མཆོག་གིས་བོད་རྒྱ་འབྲེལ་མོལ་གྱི་གནད་དོན་ཐོག་འཐུས་ཤོར་རྩ་བ་ནས་བཏང་མེད་པར་ནན་ གནང་བ་དང་ཆབས་ཅིག གནད་དོན་གཅིག་དང་བརྒྱུད་ལམ་གཅིག་ཅེས་པའི་བཀའ་ཤག་གིས་དེ་སྔའི་ལམ་སྟོན་དེ་དུས་ད་ལྟའང་རང་སོར་གནས་ཡོད་པ་དང་། སྲིད་སྐྱོང་ནས་མཁྱེན་རྟོགས་མེད་པར་རྒྱ་ནག་གི་འགོ་ཁྲིད་དང་འབྲེལ་བ་གནང་ཚེ་དེ་ནི་བཀའ་ཤག་གི་ལམ་སྟོན་དང་ཁྲིམས་དང་ཡོངས་སུ་འགལ་བ་མ་ཟད། རྩ་དོན་ལ་གནོད་གཞིག་ཞིག་ཡིན་པ་གསུངས་པ་དང་འབྲེལ། རྒྱ་ནག་ཕྱོགས་ནས་དེ་ལྟ་བུའི་འབྲེལ་བ་རིགས་རང་ཉིད་ཀྱི་ཁས་ཕན་ཆེད་སྤྱོད་ཀྱི་ཡོད་པ་མངོན་གསལ་གནང་སོང། རྩ་བའི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཉིན་དང་པོའི་ཐོག་བོད་རྒྱ་འབྲེལ་མོལ་དང་འབྲེལ་སྤྱི་འཐུས་ཁག་གཅིག་གི་དྲི་བར་བཀའ་ལན་གནང་བར་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་རྒྱ་ནག་སྡེ་ཚན་ནས་ཐུགས་འགན་བཞེས་ཀྱི་ཡོད་པ་དང་། ད་བར་བོད་རྒྱ་འབྲེལ་མོལ་གྱི་སྐུ་ཚབ་ཆེད་བཙུགས་གནང་མེད་པ་དེ་༸གོང་ས་མཆོག་གིས་བཀའ་དགོངས་བཞིན་བསྐོ་གཞག་གནང་མེད་པ་འགྲེལ་བརྗོད་གནང་རྗེས་གྲོས་ཚོགས་སུ་སྤྱི་འཐུས་ཁག་གཅིག་ནས་བོད་རྒྱ་འབྲེལ་མོལ་སྐོར་ལ་སྲིད་སྐྱོང་མཆོག་ནས་ལན་འདེབས་གསལ་བཤད་གནང་སྐབས་ཕྱི་ནང་གསང་གསུམ་དགོས་གལ་ཆེ་བར་གསུངས་པ་ལས་འཕྲོས་ཏེ་ཚོགས་གཙོ་མཆོག་གིས་བཀའ་ཤག་དང་སྤྱི་འཐུས་རྣམ་པས་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ནས་བཀའ་འཁྲོལ་མེད་པར་མ་འོངས་པར་གྲོས་ཚོགས་ནང་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཐོག་གླེང་སློང་མི་གནང་བའི་འབོད་སྐུལ་ཞུས་ཡོད་པ་རེད། དེ་རིང་གྲོས་ཚོགས་ཀྱི་ཚོགས་དུས་བརྒྱད་པའི་ལས་ཉིན་དགུ་པའི་སྔ་དྲོ་ཚོགས་ཐེངས་ཐོག་ཕྱི་དྲིལ་ལས་ཁུངས་ཀྱི་ལས་བསྡོམས་ཐོག་སྤྱི་ཡོངས་བགྲོ་གླེང་དང་དྲི་བ་དྲིས་ལན་བཅས་གནང་རྗེས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་འཕྲོད་བསྟེན་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་ཞུས་ཡོད་པ་མ་ཟད། སྐབས་དེར་སྤྱི་འཐུས་མང་དག་ཅིག་གིས་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བསྡོམས་དང་འབྲེལ་ཏེ་འབྲེལ་ཡོད་བཀའ་བློན་མཆོག་གིས་དབུས་པའི་ཕྱག་སྦྲེལ་ལས་བྱེད་ཡོངས་ལ་བསྔགས་བརྗོད་ཞུས་པ་དང་སློབ་གྲྭ་ཁག་ནང་ཟས་བཅུད་བསྟེན་ཕྱོགས་དང་བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞི། དེ་བཞིན་ས་གནས་ཁག་གི་འཕྲོད་བསྟེན་སྨན་ཁང་ཚད་ལྡན་ཡོང་སླད་དང་མཆིན་ནད་དུག་ཐབས་སྔོན་འགོག་ལས་གཞི། བོད་ཀྱི་གསོ་རིག་ཁྱབ་སྤེལ་དང་ས་གནས་ཁག་གི་འཐུང་ཆུའི་དཀའ་ངལ་སོགས་ཀྱི་ལས་འཆར་འདྲ་མིན་ཐོག་དོགས་འདྲི་ ༡༥ ཕེབས་ཡོད་པ་རེད། རྩ་བའི་གྲོས་ཚོགས་ཀྱི་ལས་ཉིན་མཐའ་མའི་ཐོག་བོད་མིའི་སྒྲིག་འཛུགས་ལྷན་ཁང་ཁག་གི་ལས་བསྡོམས་སྙན་སྒྲོན་དང་དེར་སྤྱི་ཡོངས་བགྲོ་གླེང་བཅས་གནང་རྗེས་གྲོས་ཚོགས་སུ་བཀའ་ཤག་གི་གསལ་བཤད་དང་ལན་འདེབས་ཀྱི་ལས་རིམ་ཞིག་གནང་སྲོལ་ཡོད་ཀྱང་དེ་རིང་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་རིམ་གྲུབ་རྗེས་བཀའ་ཤག་གི་གསལ་བཤད་ལས་རིམ་དེ་གནང་མེད་པ་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་མཇུག་བསྡོམས་གསུང་བཤད་གནང་སྟེ་སྐབས་ ༡༦ པའི་གྲོས་ཚོགས་ཀྱི་ཚོགས་དུས་བརྒྱད་པ་དེ་མཇུག་སྒྲིལ་གནང་ཡོད་པ་རེད།

Latest news