Tibetan Royal Year of 2151 | Year of the Wood Dragon

Day9

གྲོས་ཚོགས་སུ་བཀའ་ཤག་གི་ལྔ་དང་ལྔ་བཅུའི་གསལ་བཤད་ཐོག་བགྲོ་གླེང་ལྷུག་པོ་གནང་བ།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་སུ་བཀའ་ཤག་གི་ལྔ་དང་ལྔ་བཅུའི་འཆར་སྣང་དང་འབྲེལ་རྒྱལ་སྤྱིའི་ལྔ་དང་ལྔ་བཅུའི་ལྷན་ཚོགས་དང་། འབྱུང་འགྱུར་བོད་ཀྱི་མདུན་ལམ་ཞེས་པའི་གཞོན་སྐྱེས་ལྔ་དང་ལྔ་བཅུའི་ལྷན་ཚོགས། དེ་བཞིན་བཙན་བྱོལ་བོད་མིའི་སྤྱི་ཚོགས་སྲ་བརྟན་རྒྱུན་སྐྱོང་ལ་དམིགས་པའི་ལྔ་དང་ལྔ་བཅུའི་ལྷན་ཚོགས་བཅས་ཚོགས་འདུ་རིམ་པ་གསུམ་བསྐོང་ཚོགས་གནང་བའི་གྲུབ་དོན་ཐོག་བཀའ་འདྲི་མང་དག་ཞིག་ཕེབས་པའི་ཁྲོད། ཁ་སང་གྲོས་ཚོགས་ཀྱི་ལས་ཉིན་བརྒྱད་པའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ལྔ་དང་ལྔ་བཅུའི་གྲུབ་དོན་སྙན་ཐོ་དེ་གྲོས་ཚོགས་ཀྱི་གསོལ་ཅོག་ཐོག་ཏུ་ཕུལ་བ་དང་འབྲེལ་ཏེ་འཆར་སྣང་དེའི་ཐོག་དམིགས་བསལ་གསལ་བཤད་གནང་ཡོད་པ་ལྟར། དེ་རིང་གྲོས་ཚོགས་ཀྱི་ཉིན་རྒྱབ་ཚོགས་དུས་ཐོག་སྤྱི་འཐུས་རྣམས་ནས་བཀའ་ཤག་གི་གསལ་བཤད་ཐོག་བགྲོ་གླེང་ལྷུག་པོ་གནང་ཡོད་པ་རེད།སྐབས་དེར་སྤྱི་འཐུས་ཁག་གཅིག་ནས་བཀའ་ཤག་གི་ལྔ་དང་ལྔ་བཅུའི་འཆར་སྣང་ལ་དམིགས་བསལ་གྱི་གལ་གནད་དང་གསར་སྟོད་གང་ཡང་མེད་པ་དང་ཁག་གཅིག་གཅིག་གིས་དེར་རྒྱབ་སྐྱོར་དང་འབྲེལ་དེའི་ནང་གསལ་དོན་གནད་ཁག་གཅིག་གི་ཐོག་བཀའ་འདྲི་གནང་ཡོད་པ་རེད།དེའང་སྤྱི་འཐུས་ཤིག་ནས་ཁ་སང་བཀའ་ཤག་གི་གསལ་བཤད་གནང་སྐབས་ད་ནས་བཟུང་༸གོང་ས་མཆོག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཆིབས་བསྒྱུར་མཛད་རྒྱུ་དཀའ་བ་ཆགས་ཡོད་སྟབས་ང་ཚོས་དེར་བློ་འཚབ་བྱེད་དགོས་པ་ཞིག་རེད་ཅེས་གསུངས་པ་ལུང་འདྲེན་དང་འབྲེལ། ཞལ་ཙམ་མིན་པར་དེའི་ཚབ་ཏུ་བཀའ་བློན་རྣམ་པ་ཕྱི་རྒྱལ་ཁག་ཏུ་མང་བ་ཕེབས་ནས་བོད་དོན་དྲིལ་བསྒྲགས་གནང་རྒྱུ་དང་། ལྷག་དོན་བཀའ་ཤག་ནས་དེ་འབྲེལ་འཆར་གཞི་བཀོད་སྒྲིག་གནང་ཡོད་མེད་དང་། དེ་བཞིན་སྤྱི་འཐུས་གཞན་ཞིག་ནས་དེ་སྔ་ཨ་རིའི་སྲིད་འཛིན་ཨོ་བྷ་མས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་དོན་ལྟར་ད་ལྟའི་སྲིད་འཛིན་ལས་ཐོག་ཊམ་མཆོག་གིས་གཙོས་པའི་གནད་ཡོད་དཔོན་རིགས་ཚོས་དེ་སྔ་གསུང་དོན་ལྟར་རྒྱུན་སྐྱོར་གནང་བར་གདེང་སྤེབས་ག་ཚོད་ཡོད་དམ་ཞེས་བཀའ་འདྲི་ཞུས་པ་མ་ཟད། བཀའ་ཤག་གི་ངོས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་བཞིན་བཀའ་ཤག་གི་ལས་ཡུན་དུས་ཐུང་ནང་ལ་གནད་ཞུ་ཇི་ལྟར་ཐུབ་པར་དགོངས་ཀྱི་འདུག་གམ་ཞེས་བཀའ་འདྲི་ཞུས་སོང་།གཞན་ཡང་སྤྱི་འཐུས་ཤིག་གིས་དེ་སྔ་བཀའ་ཤག་གིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་རེ་བ་ཆེན་པོ་ཡོད་པ་གསུངས་ཡོད་པ་རེད། ད་ལྟའི་ཆར་ཞི་ཅིན་ཕིང་ལ་དེ་སྔ་ལྟར་རེ་བ་གཟིགས་ཀྱི་ཡོད་མེད་དང་། ཞི་ཅིན་ཕིང་བོད་དང་འབྲེལ་བའི་ཚོགས་ཆུང་ཁག་གི་ཐོག་ལ་བཅར་གྱི་མེད་པའི་རྒྱུ་མཚན་གང་ལ་ཐུག་ཡོད་དམ་ཞེས་བཀའ་འདྲི་ཞུས་ཡོད།དེ་བཞིན་སྤྱི་འཐུས་གཞན་ཞིག་གིས་ཆབ་སྲིད་བཙོན་པའི་གནས་སྟངས་དང་སྤྱི་ཁང་། དོན་ཁང་། དེ་བཞིན་གསར་འབྱོར་བའི་གནས་བབས་སོགས་ཛ་དྲག་ཆགས་ཀྱི་ཡོད་ཀྱང་། བཀའ་ཤག་གི་ངོས་ནས་དེ་དག་ལས་ཛ་དྲག་ཆེས་ཆེ་ཤོས་བོད་ནད་གི་བོད་མིའི་ཆབ་སྲིད་བཙོན་པའི་གནས་བབས་ཆགས་ཀྱི་ཡོད་པ་བཞིན་དེར་ཞིབ་འཇུག་གནང་མཁན་ཆེད་འཛུགས་གནང་ཐུབ་ཀྱི་ཡོད་མེད་ཐོག་བཀའ་འདྲི་ཞུས་སོང་།རྩ་བའི་སྲིད་སྐྱོང་མཆོག་གིས་ཁ་སང་བཀའ་ཤག་གི་གསལ་བཤད་གནང་སྐབས་ལྔ་དང་ལྔ་བཅུའི་སྲིད་བྱུས་དེ་ནི་༸གོང་ས་མཆོག་གི་གཟིམ་ཆུང་མཇལ་ཁ་རིམ་པའི་ཐོག་སྩལ་བའི་བཀའ་སློབ་ཀྱི་དགོངས་དོན་གཞི་རྩར་བཟུང་ནས་བྱུང་བ་ཞིག་ཡིན་པ་དེའང་རིམ་པས་བཟང་དུ་དང་ཡག་ཏུ་འགྲོ་རྒྱུའི་གདེང་ཚོད་ཆེན་པོ་ཡོད་པར་འགྲེལ་བརྗོད་གནང་ཡོད་པ་རེད། འོན་ཀྱང་དེ་རིང་བཀའ་ཤག་གི་གསལ་བཤད་དང་འབྲེལ་བའི་བགྲོ་གླེང་དེའི་ཁྲོད་སྤྱི་འཐུས་ཁག་གཅིག་གིས་ལྔ་དང་ལྔ་བཅུའི་སྲིད་བྱུས་ཀྱི་འཆར་སྣང་དེ་ལ་དམིགས་བསལ་གང་ཡང་མེད་པ་དང་དེ་ནི་བཀའ་ཤག་སྐབས་གོང་མ་ཚོའི་འཆར་གཞི་རྣམས་རྒྱུན་སྐྱོང་གནང་བ་དང་མིང་གསར་པ་བཏགས་པ་ཙམ་ཞིག་ཡིན་སྐོར་གསུང་མཁན་བྱུང་ཡོད།ལས་རིམ་ལ་གཞིས་ན་སང་ཉིན་གྲོས་ཚོགས་ཀྱི་ལས་ཉིན་མཐའ་མའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྤྱི་འཐུས་རྣམ་པའི་དྲི་བར་ལན་འདེབས་གསལ་བཤད་གནང་གི་ཡོད་པ་རེད།

བོད་མིའི་སྒྲིག་འཛུགས་ཀྱིས་གསར་འབྱོར་བར་གཟིགས་སྐྱོང་ཧ་ལས་པའི་བཀའ་དྲིན་ཆེན་པོ་གནང་ཡོད།

དེ་རིང་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་དགུ་པའི་སྔ་དྲོའི་ཚོགས་དུས་ཐོག་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་དམིགས་བསལ་དང་རྒྱུན་གྲོན། དེ་བཞིན་ཟུར་བཀོལ་མ་དངུལ་གཏན་འབེབས་དང་ལས་དོན་གནང་ཕྱོགས་ཐོག་མུ་མཐུད་བགྲོ་གླེང་གནང་ཡོད་པ་རེད།སྐབས་དེར་བོད་མི་མང་སྤྱི་འཐུས་ཁག་ཅིག་ནས་སྐབས་བཅུ་བཞི་པ་དང་བཅོ་ལྔ་པའི་བཀའ་ཤག་གི་ངོས་ནས་བོད་ནས་གསར་དུ་ཕེབས་པའི་གསར་འབྱོར་བ་ཁག་ཅིག་ལ་སྡོད་ཁང་སོགས་ཀྱི་མཐུན་རྐྱེན་བསྐྲུན་ཡོད་ཀྱང་། ད་ལྟ་ཡང་བཞུགས་སྒར་གཙོས་པའི་ས་གནས་ཁག་ཏུ་བོད་པ་གསར་འབྱོར་མི་ཉུང་བ་ཞིག་ལ་འཚོ་སྡོད་ཀྱི་དཀའ་ངལ་དང་། སླར་བོད་ལ་ལོག་ན་ཆབ་སྲིད་ཀྱི་དཀའ་ངལ་འཕྲད་བཞིན་པ་སོགས་འགྲེལ་བརྗོད་དང་སྦྲགས། འབྲེལ་ཡོད་ལས་ཁུངས་དང་བཀའ་བློན་ཚོས་གསར་འབྱོར་བའི་དཀའ་སྡུག་གཟིགས་སྐྱོང་གནང་རྒྱུའི་དུས་ལ་བབས་འདུག་ཅེས་གསུངས་སོང་། སྐབས་དེར་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས་ཐོག་མར་བདུན་བཅུ་དོན་གྲངས་དང་བརྒྱད་བཅུའི་ནང་ལ་བོད་ནས་ཕེབས་མཁན་ཉུང་ཉུང་ཡིན་པའི་སྐབས་ནས་གསར་འབྱོར་བ་རྣམས་ཀྱི་གནས་སྟངས་དེ་ཆབ་སྲིད་ཀྱི་གལ་གནད་ཅིག་ཏུ་བརྩིས་ཏེ་སྐུ་སྒེར་ཡིག་ཚང་རང་ནས་ཐུགས་འགན་བཞེས་ཡོད་པ་དང་། དེ་ནས་རིམ་པས་བོད་ནས་ཕེབས་མཁན་མང་དུ་ཕྱིན་སྟབས་༸གོང་ས་མཆོག་གི་བཀའ་དགོངས་ལྟར་སྣེ་ལན་འབྲེལ་མཐུད་ཁང་ཞེས་ཟུར་དུ་བཙུགས་ཏེ་བལ་ཡུལ་ས་འཚམས་སུ་འབྱོར་བ་ནས་བཟུང་མཐའ་མའི་སྒྲིག་ཁོངས་ཤིག་ཏུ་མ་ཞུགས་ཀྱི་བར་དུ། ང་དང་ཁོ་ཞེས་དབྱེ་འབྱེད་མེད་པར་འགྲོ་སོང་ཆ་ཚང་སྐབས་དེའི་བོད་གཞུང་གིས་བཏང་པའི་ཐོག་གཟིགས་སྐྱོང་གནང་ཡོད་པ་སོགས་འགྲེལ་བརྗོད་དང་སྦྲགས། སྒེར་གྱི་དཀའ་ངལ་རེ་ཟུང་ཙམ་མ་གཏོགས་སྤྱི་ཡོངས་ནས་བོད་མིའི་སྒྲིག་འཛུགས་ཀྱིས་གསར་འབྱོར་བ་ཚོར་གཟིགས་སྐྱོང་ཧ་ལས་པའི་བཀའ་དྲིན་ཆེན་པོ་གནང་ཡོད་ཅེས་གསུངས་སོང་། མ་ཟད་བཀའ་བློན་མཆོག་གིས། ད་ལྟའི་ཆ་ལ་ནང་སྲིད་ལས་ཁུངས་ལ་ཐོ་གཞུང་འབྱོར་བའི་ནང་དུ་བོད་ནས་ཕེབས་པའི་ཁྱིམ་ཚང་གཅིག་སྟོང་གསུམ་བརྒྱ་ཙམ་ཡོད་པ་དང་། དེ་ཚོའི་རིགས་ལ་ཡང་ནང་སྲིད་ལས་ཁུངས་ནས་རོགས་རམ་ག་ལ་གང་འཚམས་ཞུས་ཡོད་པ་དང་། ལྷག་པར་དུ་སྡོད་ཁང་ས་ཆ་བཞུགས་སྒར་ཁུལ་དུ་ཐོབ་ཐབས་སུ་ད་ལོའི་སྔོན་རྩིས་ནང་སྒོར་ས་ཡ་༥༠ ཙམ་ཞུས་ཏེ། བཀའ་ཤག་འདིའི་ལོ་དུས་མ་རྫོགས་གོང་ལ་སྡོད་ཁང་ཞིག་བསྐྲུན་རྒྱུའི་འབད་རྩོན་ཞུས་མུས་ཡིན་པས། རྒྱ་ཆེ་མང་ཚོགས་ཀྱི་ངོས་ནས་ཀྱང་ལས་གཞི་འདི་འགྲུབ་ཐབས་སུ་འགོག་རྐྱེན་བཟོ་རྒྱུ་མེད་པ་གསུངས་སོང་།  ད་དུང་ནང་སྲིད་ལས་ཁུངས་ཀྱི་ལས་དོན་དང་འབྲེལ། སྤྱི་འཐུས་ཁག་ཅིག་ནས་ཉམས་ཐག་བསྐྱར་ཞིབ་ཀྱི་ལས་དོན་དང་། བལ་ཡུལ་གློ་ཚེ་རོགས་རྣམ་རྒྱལ་གླིང་བོད་མིའི་གཞིས་སྒར། དེ་བཞིན་ལ་དྭགས་བྱང་ཐང་སོགས་མཐའ་མཚམས་ཀྱི་གཞིས་ཆགས་ཁག་གི་འབྱུང་བའི་དཀའ་ངལ་སེལ་ཐབས་ག་རེ་གནང་ཡོད་སོགས་ཀྱི་བཀའ་འདྲི་ཞུས་ཡོད། མ་ཟད་སྤྱི་འཐུས་ཁག་ཅིག་ནས་དེ་སྔ་བཙན་བྱོལ་བོད་མིའི་མཉམ་འབྲེལ་དེ་དག་བོད་པའི་སྤྱི་ཚོགས་ས་བརྟན་དང་། རང་ཁ་རང་གསོ་ཐུབ་ཐབས་སོགས་ལ་དམིགས་ཡོད་པ་འགྲེལ་བརྗོད་དང་སྦྲགས། ད་ལྟའི་ཆ་ལ་བཙན་བྱོལ་བོད་མིའི་མཉམ་འབྲེལ་ཁག་གི་གནས་བབས་གང་འདྲ་ཆགས་ཡོད་མེད་སོགས་ཀྱི་བཀའ་དྲི་ཞུས་སོང་བ་དང་། སྐབས་དེར་བཀའ་བློན་མཆོག་གིས། བཙན་བྱོལ་བོད་མིའི་མཉམ་འབྲེལ་དེ་དག་ཐོག་མའི་རེ་བ་བྱས་པ་གཞིར་བཟུང་ཡོང་གི་ཡོད་མེད་ཞུ་ཚོད་མ་ཐིག་པ་ཞིག་ཏུ་གྱུར་ཡོད་པ་དང་། སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་དེའི་ཐད་བློ་ཚབ་ཡོང་གི་འདུག་ཅེས་གསུངས་སོང་། ཐེངས་འདིའི་ནང་སྲིད་ཀྱི་ལས་དོན་སོགས་ཀྱི་ཐད་བགྲོ་གླེང་དང་ལན་འདེབས་གསལ་བཤད་གནང་སྐབས་བཀའ་བློན་མཆོག་ནས། དེ་སྔ་གྲོས་ཚོགས་རིམ་པའི་ཐོག་བོད་པའི་སྤྱི་ཚོགས་ནང་སོ་ནམ་འདེབས་ལས་ཀྱི་ལས་གཞི་རྒྱུན་གནས་ཐུབ་ཐབས་སུ་ཕུལ་བྱུང་སོ་ནམ་གཟེངས་བསྟོད་ཀྱི་བྱ་དགའ་ཞིག་ཕུལ་དགོས་གལ་གྱི་བསམ་ཚུལ་མང་པོ་བྱུང་པ་ལྟར། འདི་ལོ་ནས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་དུས་ཆེན་ཉིན་སོ་ནམ་འདེབས་ལས་རྩེད་ཕུད་སོན་པ་ཞིག་དང་། ལོ་ན་བཞི་བཅུ་མན་གྱི་གཞོན་སྐྱེས་སོ་ནམ་འདེབས་ལས་གནང་མཁན་གཅིག་བཅས་ལ་སྒོར་འབུམ་རེ་རེ་དང་ཕྱག་ཁྱེར་བཅས་གནང་གཏན་འཁེལ་ཡོད་པ་གསུངས་སོང་།

ཆོལ་ཁ་གསུམ་གྱི་སྒྲིག་འཛུགས་དང་ཆོས་རྒྱུད་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁག་ནས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་གཞི་འདོན་མི་ཆོག་པ་བཟོས་སོང་།

སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་བདུན་པ་ནས་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་འཆར་འཛིན་ཚོགས་ཆུང་གི་བསྣམས་པའི་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་ཐོག་བགྲོ་གླེང་དང་གཏན་འབེབས་གནང་འགོ་བཙུགས་ཡོད་པ་དང་། དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་དགུ་པའི་སྔ་དྲོའི་ཚོགས་དུས་ཐོག་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་ཡོངས་སུ་གྲུབ་སྟེ། བཙན་བྱོན་བོད་མིའི་འོས་བསྡུའི་སྒྲིག་གཞི་གསར་པ་གཏན་འབེབས་དང་འབྲེལ་མ་འོངས་པ་བཙན་བྱོལ་བོད་མིའི་འོས་བསྡུའི་སྐབས་ཆོལ་ཁ་གསུམ་གྱི་སྒྲིག་འཛུགས་དང་ཆོས་རྒྱུད། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁག་ནས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་གཞི་འདོན་མི་ཆོག་པ་སོགས་ཀྱི་སྒྲིག་གཞི་ཁག་ཅིག་གསར་འཇུག་གནང་སོང་། དེ་ཡང་དེ་རིང་ལས་ཉིན་དགུ་པའི་ཐོག་ཁྲིམས་བཟོའི་ལས་དོན་དང་འབྲེལ། བོད་མི་མང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ཉི་ཤུ་རྩ་བཞི་པ། དངུལ་དངོས་སོགས་ལྐོག་རྔན་སྤྲོད་ལེན་དང་རྒྱུད་སྐུལ་ཐབས་ཤེས་ཞེས་པའི་ནང་གསེས་བདུན་པའི་ཐོག་ཆོལ་ཁ་གསུམ་གྱི་སྒྲིག་འཛུགས་དང་ཆོས་རྒྱུད་ཁག གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁག་བཅས་ཀྱིས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་གཞི་འདོན་པ་དང་། རྒྱབ་གཉེར་གསལ་བསྒྲགས་རིགས་བྱེད་མི་ཆོག་ཅེས་བཟོ་བཅོས་ཁྲིམས་འཆར་བསྣམས་ཡོད་པ་དང་། སྐབས་དེར་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་ཁྲིམས་འཆར་དེར་དགག་པ་དང་སྦྲགས་སྤྱི་འཐུས་རྣམས་ནས་བགྲོ་གླེང་གི་ཆ་ཤས་བླངས་སོང་། སྐབས་དེར་སྤྱི་འཐུས་ཁག་ཅིག་ནས་ཕྱི་ལོ་ ༢༠༡༦ ལོའོ་བཙན་བྱོལ་བོད་མིའི་འོས་བསྡུའི་རྒྱུད་རིམ་ཁྲོད་ཆོལ་ཁ་དང་ཚོགས་སྐྱིད་ཁག་ཅིག་ནས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་མི་འདོན་པ་དང་དེར་དྲིལ་བསྒྲགས་ཀྱི་ལས་གཞི་སོགས་སྤེལ་བར་བརྟེན་སྤྱི་ཚོགས་ནང་ཟིང་ཆ་ཆེན་པོ་བྱུང་ཡོད་པ་སོགས་འགྲེལ་བརྗོད་དང་སྦྲགས། བཟོ་བཅོས་ཁྲིམས་འཆར་དེར་རྒྱབ་བསྐྱོར་ཡོད་པ་གསུངས་ཡོད། འོན་ཀྱང་ཁག་ཅིག་ནས་ཆོལ་ཁ་བྱེ་བྲག་པ་ཞིག་གིས་འོས་མི་བཏོན་པ་ཙམ་དེ་དཀའ་ངལ་མ་ཡིན་པར། ཆོལ་ཁ་དེ་དག་ནང་དངོས་སུ་ཕྱག་ལས་གནང་མཁན་རྣམས་ཀྱི་གནས་ཚུལ་སྤེལ་སྟངས་དང་། ལས་དོན་བྱེད་ཕྱོགས་ཀྱི་རྐྱེན་པས་དཀའ་ངལ་འཕྲད་པ་ཞིག་ཏུ་གསུངས་སོང་།གང་ལྟར་བཟོ་བཅོས་ཁྲིམས་འཆར་དེའི་ཐོག་སྤྱི་འཐུས་རྣམ་པས་ཆུ་ཚོད་གཅིག་དང་ཕྱེད་ཀ་ལྷག་བགྲོ་གླེང་གནང་རྗེས་ཚོགས་གཙོ་མཆོག་གི་མཐའ་མའི་ཐག་གཅོད་སྐབས་ངོ་འོས་སྤྱི་འཐུས་གསུམ་ཆ་གཉིས་ཀྱི་རྒྱབ་བསྐྱོར་ཐོག་བཟོ་བཅོས་ཁྲིམས་འཆར་དེ་གཏན་འབེབས་བྱུང་ཡོད།   དེ་བཞིན་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་དྲུག་ཅུ་རེ་བདུན་པ། སྲིད་སྐྱོང་གི་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུ་བྱ་ཕྱོགས་ཞེས་པའི་ནང་གསེས་༤ པར་བཟོ་བཅོས་ཁྲིམས་འཆར་བསྣམས་ཏེ། འོས་བསྡུའི་སྐབས་དབུས་འོས་བསྡུ་ལས་ཁང་ནས་སྲིད་སྐྱོང་གི་དངོས་གཞིའི་འོས་གཞི་གཉིས་ལས་མ་ཉུང་བ་གསལ་བསྒྲགས་བྱེད་དགོས་པ་དང་། གལ་ཏེ་འོས་གཞི་གཅིག་ལས་མེད་པ་དང་དེ་ལ་སྔོན་འགྲོའི་འོས་ཤོག་ཁྱོན་འབོར་གྱི་བརྒྱ་ཆ་ ༥༡ ལས་མི་ཉུང་བའི་རྒྱབ་སྐྱོར་ཐོབ་ཡོད་ཚེ་ཁ་གཏད་མེད་པའི་སྲིད་སྐྱོང་ལ་འདེམས་ཐོན་བྱུང་བར་ངོས་འཛིན་གསལ་བསྒྲགས་བྱ་རྒྱུ། མེད་ཚེ་སྔོན་འགྲོའི་འོས་བསྡུ་བསྐྱར་དུ་བྱེད་དགོས། འོན་ཀྱང་སྔོན་འགྲོའི་འོས་བསྡུའི་སྐབས་འོས་མི་གཅིག་ལ་འོས་ཤོག་ཁྱོན་འབོར་བརྒྱ་ཆ་ ༦༠ ཡན་ཐོབ་ཡོད་ཚེ་དངོས་གཞིའི་ལས་རིམ་འགྲོ་མི་དགོས་པར་སྲིད་སྐྱོང་ལ་འདེམས་ཐོན་བྱུང་བར་ངོས་འཛིན་གསལ་བསྒྲགས་བྱ་རྒྱུ་བཅས་ངོ་ཡོད་སྤྱི་འཐུས་གསུམ་ཆ་གཉིས་ཀྱི་ཐོག་ནས་གཏན་འབེབས་གནང་སོང་། གཞན་ཡང་ད་རེས་གཏན་འབེབས་གནང་པའི་བཙན་བྱོལ་བོད་མིའི་འོསབསྡུའི་སྒྲིག་གཞི་བསྐྱར་བཅོས་ཚིག་བརྗོད་ནང་དུ་སློབ་གྲྭ་ཁག་ཏུ་གཞུང་འབྲེལ་ཕུད་། དེ་མིན་འོས་མི་དང་སྐྱེས་བུ་སུའི་ཐད་ནས་འོས་བསྡུ་དང་འབྲེལ་བའི་དྲིལ་བསྒྲགས་དང་། གཏམ་བཤད། ཡིག་ཆ་འགྲེམས་སྤེལ་བཅས་དངོས་ཤུགས་བརྒྱུད་གསུམ་ནས་བྱ་མི་ཆོག་པ་དང་། འོས་བསྡུའི་སྐབས་སུ་སྐྱེ་བོ་སུ་རུང་ནས་མི་མང་ཚོགས་འདུ་དང་། སྤྱི་ཚོགས་དྲ་ལམ་གྱི་གླེང་སྟེགས་བཅས་སུ་རྩ་དོན་དང་འབྲེལ་ལས་དོན་བྱེད་ཕྱོགས་ཐད་དོན་དངོས་སྐྱོན་འདོན་བྱེད་པ་ལས། བོད་མིའི་ཐུན་མོང་མ་ཡིན་པའི་བཟང་སྤྱོད་ལས་བརྒལ་ཏེ་གང་ཟག་སྒེར་གྱི་མི་གཤིས་ལ་སྐྱོན་བརྗོད་རིགས་ནམ་ཡང་མི་ཆོག་པའི་སྒྲིག་གཞི་ཁག་ཅིག་གསར་འཇུག་གནང་སོང་།

བོད་མི་སྒྲིག་འཛུགས་ཀྱིས་བོད་ནང་འདྲ་མཉམ་གྱི་འགྲུལ་བཞུད་ཆོག་པའི་ཁྲིམས་འཆར་གཏན་འབེབས་བྱུང་བར་དགའ་བསུ་ཞུས་སོང་།

དེ་རིང་བོད་མི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གཙོས་པའི་སྤྱི་འཐུས་རྣམ་པས་ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་ནང་འདྲ་མཉམ་གྱི་འགྲུལ་བཞུད་ཆོག་པའི་ཁྲིམས་འཆར་གཏན་འབེབས་བྱུང་བར་དགའ་བསུ་ཞུས་སོང་། དེ་ཡང་སྐབས་ ༡༦ པའི་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་དུས་༦པའི་ལས་ཉིན་བརྒྱད་པ་དང་དགུ་པའི་ཚོགས་དུས་ཁག་ཅིག་གི་ཐོག་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་རྩིས་ལོ་ ༢༠༡༧ དང ༢༠༡༨ ཀྱི་ལས་བསྡོམས་ཐོག་བགྲོ་གླེང་གནང་བའི་ཁྲོད་ཕྱི་དྲིལ་བཀའ་བློན་བློབཟང་སེང་གེ་མཆོག་གིས་ཨ་རི་གྲོས་ཚོགས་འོག་མས་རྒྱ་ནག་དང་བོད་དུ་ཡོད་པའི་མཁས་པ་དང་གསར་འགོད་པ་རྣམས་ཨ་རིར་རང་དབང་ཐོག་ཕེབས་ཆོག་གི་ཡོད་པ་ལྟར་ཨ་རིའི་མི་སེར་རྒྱ་ནག་ནང་ཕེབས་བཇུག་དགོས་པའི་གྲོས་ཆོད་བཞག་པ་དེར་གྲོས་ཚོགས་འཐུས་མི་གཙོས་པའི་རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་བཅས་ལ་དགའ་བསུ་ཞུས་པའི་ཐོག་མ་འོངས་པར་སྲིད་འཛིན་གྱིས་དེར་མཚན་རྟགས་བསྐྱོན་པའི་ཁྲིམས་ཤིག་ཆགས་རྒྱུའི་རེ་བ་ཡོད་ཅེས་གསུངས་སོང་། སྐབས་དེར་སྤྱི་འཐུས་མང་དག་ཅིག་ནས་ཀྱང་ཨ་རི་གྲོས་ཚོགས་འོག་མའི་ནང་ Reciprocal Access to Tibet Act ཞེས་པའི་གྲོས་ཆོད་གཏན་འབེབས་བྱུང་བར་ཐུགས་རྗེ་ཆེ་ཞུས་པ་དང་མཉམ་ཨ་རིར་གནས་སྡོད་བོད་མི་ཚོས་ཐུགས་འགན་བཞེས་པའི་ཐོག་སོ་སོའི་གྲོས་ཚོགས་འཐུས་མི་དང་འབྲེལ་བ་གནང་ནས་གྲོས་ཚོགས་གོང་མའི་ནང་བསླེབ་ཐུབ་པ་ཙམ་དུ་མ་ཟད་ཁྲིམས་ཤིག་བཟོ་ཐུབ་རྒྱུའི་འབད་བརྩོན་གནང་དགོས་པའི་སྐུལ་མ་གནང་སོང་། རྩ་བའི་ཁ་ཉིན་ཕྱི་ཚེས་ ༢༥ ཉིན་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ནང་དུ་གཏན་འབེབས་བྱུང་བའི་ཁྲིམས་འཆར་དེའི་ནང་དོན་གཙོ་བོ་ནི་རྒྱ་ནག་གི་དཔོན་རིགས་དང་གསར་འགོད་པ། དེ་བཞིན་མི་སེར་རྣམས་ཨ་རིའི་ས་ཕྱོགས་གང་སར་རང་དབང་ངང་འགྲུལ་བསྐྱོད་ཀྱི་ཐོབ་ཐང་ཡོད་པ་བཞིན་ Reciprocal Access ཞེས་ཨ་རིའི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་མི་སྣ་དང་གསར་འགོད་པ། བོད་པ་ཨ་རིའི་མི་སེར་ཡིན་པ། དེ་བཞིན་ཨ་རི་བ་བཅས་བོད་དང་རྒྱ་ནག་ནང་རང་དབང་ངང་འགྲུལ་བསྐྱོད་ཆོག་པའི་ཐོབ་ཐང་འདྲ་མཉམ་སྤྲོད་དགོས་སྐོར་དང་། རྒྱ་གཞུང་ནས་ཨ་མི་རི་ཀའི་མི་སེར་བོད་ནང་འགྲུལ་བསྐྱོད་བྱ་རྒྱུར་བཀག་སྡོམ་བྱེད་བཞིན་ཡོད་པ་ལྟར་རྒྱ་ནག་གི་འབྲེལ་ཡོད་རྣམས་ལ་བཀག་སྡོམ་གནང་རྒྱུ་ཡིན་པའི་ཁྲིམས་འཆར་ཞིག་ཡིན་པ་རེད། ཐེངས་འདིའི་ཕྱི་དྲིལ་ལས་ཁུངས་ཀྱི་ལས་བསྡོམས་བགྲོ་གླེང་ཁྲོད་ཕྱི་རྒྱལ་མི་སེར་ཡིན་པའི་བོད་རིགས་ཚོར་རྒྱ་གར་དུ་ཡོད་པའི་གཞིས་ཆགས་ཁག་ཏུ་སྤུན་མཆེད་སོགས་ཐུག་འཕྲད་ལ་འབྱོར་སྐབས་papཞེས་པ་དེ་ཞུ་རྒྱུར་་དཀའ་ངལ་འཕྲད་ཀྱི་ཡོད་སྐོར་དང་། དབུ་མའི་ལམ་གྱི་སྲིད་བྱུས་དང་འབྲེལ་ཏེ། རྒྱ་གར་གཞུང་མང་ལ་གོ་རྟོགས་ཇི་སྤེལ་དང་དེའི་ཕན་འབྲས་ཅི་བྱུང་། ཕྱིའི་རྒྱལ་ཁབ་ཁག་གི་དོན་གཅོད་ལས་བྱེད་བསྐོ་བཞག་གནང་ཕྱོགས་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་རྒྱ་རིགས་འབྲེལ་མཐུད་པའི་ལས་འགན་དང་གྲུབ་འབྲས་ཅི་སོན། དེ་བཞིན་སྐུ་ཚབ་དོན་གཅོད་ཁང་གི་ལས་ཁུངས་ཇི་ཉོས་སོགས་ཀྱི་གནད་དོན་འདྲ་མིན་ཐོག་བགྲོ་གླེང་ལྷུག་པོ་གནང་སོང་། རྩ་བའི་ཐེངས་འདིའི་སྐབས་ ༡༦ པའི་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་དུས་༦པའི་ལས་ཉིན་མཐའ་མ་དེ་སང་ཉིན་འཚོགས་རྒྱུ་ཡིན་པ་དང་། ད་དུང་གྲོས་ཚོགས་སུ་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བསྡོམས་ཐོག་བགྲོ་གླེང་དང་སྦྱང་བཤད་གནང་རྒྱུ་ལྷག་ཡོད་པ་རེད།

གཞིས་ཁོངས་ཡོད་མེད་ལ་མ་བལྟོས་པར་རྒྱ་གར་མི་སེར་ལེན་མཁན་ཚོས་བོད་མི་སྐྱབས་བཅོལ་བའི་ཁེ་དབང་ལེན་ཆོག་གི་མེད།

བོད་མིའི་སྒྲིག་འཛུགས་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས་དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་སུ་རྒྱ་གར་མི་སེར་ལག་འཁྱེར་བཟོ་གནང་མཁན་ཚོའི་སྐོར་དང་འབྲེལ་འཛིན་སྐྱོང་གི་བཞེངས་ཕྱོགས་དང་རྒྱ་གར་དབུས་གཞུང་གི་ལམ་སྟོན་བཀོད་ཁྱབ་སྐོར་ཁ་གསལ་གསུངས་པ་དང་སྦྲགས། གཞིས་ཆགས་ཀྱི་ཐོབ་ཁོངས་ཡོད་མེད་ལ་མ་བལྟོས་པར་བཙན་བྱོལ་བོད་མི་རྒྱ་གར་གྱི་མི་སེར་ལག་འཁྱེར་བཟོ་མཁན་ཚོས་སྐྱབས་བཅོལ་བོད་མིའི་ཁེ་དབང་ལེན་ཆོག་གི་མེད་པ་གསུངས་སོང་། དེ་རིང་སྤྱི་འཐུས་གྲོས་ཚོགས་ཀྱི་ལས་ཉིན་དགུ་པའི་སྟེང་གྲོས་ཚོགས་འཐུས་མི་རྣམ་པས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་སྔོན་རྩིས་དང་འབྲེལ་ནས་འབོད་སྐུལ་དང་དྲི་བ། བགྲོ་གླེང་སོགས་གནང་བའི་ཁྲོད་སྐྱབས་བཅོལ་བོད་མིའི་གཞིས་ཆགས་ཁག་གི་ས་ཁང་དང་སོ་ནམ་ཞིང་ལས་སྐོར་དང་བོད་ནས་ཕེབས་མཁན་ཚོར་སྡོད་ཁང་གསར་རྒྱག ཕྱི་ལོ་ ༢༠༡༤ ལོའི་བཙན་བྱོལ་བོད་མིའི་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་ས་གནས་ག་ཚོད་ནང་ལག་བསྟར་དབུ་འཛུགས་གནང་ཡོད་མེད་སོགས་ཐད་ཀར་ནང་སྲིད་ལས་ཁུངས་དང་འབྲེལ་བའི་གནད་དོན་མང་དག་ཐོག་བཀའ་བསྡུར་གནང་ཡོད། ལྷག་པར་དུ་སྤྱི་འཐུས་ཁ་ཤས་ནས་དེང་སང་སྤྱི་ཚོགས་ནང་དུ་བཀའ་མོལ་ཡོང་བཞིན་པ་རྒྱ་གར་མི་སེར་བཟོ་རྒྱུའི་ཐད་ལ་འཛིན་སྐྱོང་གི་བཞེངས་ཕྱོགས་དང་དེའི་ཐོག་ལས་དོན་གནང་ཕྱོགས་ལ་འགྱུར་བ་ཇི་སོང་སོགས་བཀའ་འདྲི་གནང་མཁན་བྱུང་ཡོད། ནང་སྲིད་བཀའ་བློན་མཆོག་གིས་སྐབས་དེར་མི་སེར་བཟོ་མིན་གྱི་རང་དབང་ཡོངས་རྫོགས་དོ་བདག་རང་ཉིད་ལ་བཞག་གནང་ཡོད་པ་འཛིན་སྐྱོང་གི་བཞེངས་ཕྱོགས་སྐོར་དང་། ཁྱད་པར་དུ་རྒྱ་གར་དབུས་གཞུང་གི་བཀོད་ཁྱབ་དོན་ཚན་བཞི་ཅན་ཞིག་ཕེབས་ཡོད་སྐོར་གསལ་བཤད་གནང་སོང་། ནང་སྲིད་ལས་ཁུངས་ཀྱི་རྩིས་འགོ་དང་འབྲེལ་ནས་སྐབས་དེར་སྤྱི་འཐུས་གཅིག་གིས་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་ལ་སྐྱབས་བཅོལ་བོད་མིའི་གཞིས་ཆགས་ཁག་ནང་གི་ས་ཁང་དང་འཛུགས་སྐྲུན་སྐོར་དང་འབྲེལ་ལ་དྭགས་ནང་གི་བོད་མི་ཁག་ཅིག་ནས་གཞིས་ཆགས་ཀྱི་ས་ཁང་ཉོ་ཚོང་གནང་གི་ཡོད་སྐོར་དྲི་བ་ཞིག་ཕུལ་བ་ལྟར། བཀའ་བློན་མཆོག་གིས་བོད་མིའི་གཞིས་ཆགས་ཁག་གི་ས་ཁང་ཉོ་ཚོང་གི་འགན་དབང་སུ་གཅིག་ལ་མེད་སྐོར་གསལ་བཤད་གནང་ཡོད། དེ་རིང་གྲོས་ཚོགས་ཐོག་ནས་སྤྱི་འཐུས་རྣམ་པས་བོད་ནས་ཕེབས་མཁན་གསར་འབྱོར་བ་རྣམས་ལ་བོད་མིའི་སྒྲིག་འཛུགས་ནས་མཐུན་རྐྱེན་སྦྱོར་སྤྲོད་སྐོར་དང་འབྲེལ། དེ་སྔ་སྦིར་ཁུལ་དུ་བོད་མི་སྐོར་ཞིག་ལ་སྡོད་ཁང་གནང་ཟིན་པ་དང་ད་ལྟ་ལྷོ་ཕྱོགས་མོན་གྷོ་དང་སྦེལ་ཀོབ་བཅས་སུ་སྡོད་ཁང་གསར་རྒྱག་གི་ལས་གཞི་འགྲོ་བཞིན་པ་ལ་བསྔགས་བརྗོད་དང་མུ་མཐུད་དེ་ལྟར་མཐུན་འགྱུར་གནང་གལ་ཡིན་པའི་དགོངས་ཚུལ་གནང་ཡོད། ཁ་སང་ཉིན་རྒྱབ་ནས་དེ་རིང་ཉིན་འཁྱོངས་རིང་ནང་སྲིད་ལས་ཁུངས་ཀྱི་རྩིས་འགོ་དང་འབྲེལ་ནས་གྲོས་ཚོགས་འཐུས་མི་རྣམ་པས་བགྲོ་གླེང་བཀའ་བསྡུར་སོགས་གནང་བའི་ཁྲོད། གྲོས་ཚོགས་སྔ་མ་དང་སྔ་མའི་སྔ་མ་སོགས་ཀྱི་ནང་དུ་ཡང་ཡང་གླེང་སློང་འབྱུང་བཞིན་པ་དྷ་ས་ཡོངས་གླིང་སློབ་གྲྭའི་སྐོར་དང་འབྲེལ་བའི་ཁ་མཆུ་ཨང་ ༨ པའི་སྐོར་དང་བལ་ཡུལ་ཚེ་རིང་རྒན་གསོ་ཁང་གི་འགན་འཛིན་བསྐོ་གཞག་གི་གནད་དོན་སྐོར་ལ་བགྲོ་གླེང་གསལ་བཤད་དང་དྲི་བ་དྲིས་ལན་བཅས་གནང་ནས་དུས་ཚོད་གང་འཚམས་བཏང་གནང་སོང་།

སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་བཞི་པ་མཇུག་སྒྲིལ་གནང་སོང་།

རྒྱ་གཞུང་ནས་བོད་ཀྱི་གནད་དོན་ལ་ལག་པ་མ་འཆང་བར་མུ་མཐུད་གནས་ཐུབ་ཐབས་མེད་པའི་བརྡ་ལན་དང་སྦྲགས། དེ་རིང་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་བཞི་པ་མཇུག་སྒྲིལ་གནང་སོང་། དེ་རིང་སྔ་དྲོ་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་ལོ་འཁོར་ལས་བསྡོམས་ཐོག་བགྲོ་གླེང་གི་ལས་རིམ་གནང་པ་དང། དེ་རྗེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་སྙན་ཐོར་བགྲོ་གླེང་། དེ་བཞིན་ཁྲིམས་བཟོའི་ལས་དོན་ཁག་ཅིག་བཅས་ཀྱི་ལས་རིམ་ཡོངས་སུ་གྲུབ་མཚམས། སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཐེངས་འདིའི་གྲོས་ཚོགས་ཚོགས་དུས་བཞི་པའི་མཇུག་བསྡོམས་གསུང་བཤད་གནང་དོན། ཉེ་ཆར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ Wang Yi ཡི་རྡུལ་ཕྲན་མཚོན་ཆའི་གནད་དོན་དང་འབྲེལ་ནས་གཏམ་བཤད་སྤེལ་སྐབས་སུ་གནད་དོན་གང་ཡིན་རུང་ཕན་ཚུན་སྐད་ཆ་བཤད་ནས་ཐག་གཅོད་བྱེད་དགོས་སྐོར་བརྗོད་པ་ལུང་འདྲེན་གྱིས་དེང་སྐབས་རྒྱ་ནག་དང་དམར་པོའི་གཞུང་གི་ནང་དུ་འགྱུར་བ་མང་དག་ཞིག་འགྲོ་བཞིན་པ་དེ་དག་བཟང་ཕྱོགས་ཀྱི་འགྱུར་བར་ངོས་འཛིན་ན་མ་འགྲིག་པ་མེད་སྐོར་གསུངས་པ་དང་ཆབས་ཅིག གཞིས་ལུས་རྒྱ་ཆེ་བོད་མི་རྣམས་ཀྱི་སྙིང་སྟོབས་དང་ཆོད་སེམས། ༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ཐུགས་འཁུར། དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བོད་དོན་ལ་ཐུགས་སྣང་གནང་པ་བཅས་ལ་གཞིགས་ན། རྒྱ་ གཞུང་གིས་བོད་ཀྱི་གནད་དོན་མ་སེལ་བར་མུ་མཐུད་གནས་ཐུབ་ཐབས་མེད་པའི་བརྡ་ལན་གནང་སོང་། དེ་བཞིན་ཚོགས་གཙོ་མཆོག་ནས་ཐེངས་འདིའི་གྲོས་ཚོགས་ཀྱི་ལས་རིམ་ཞིག་གི་ཐོག་ནས་ཚོགས་དུས་གཅིག་ཚོགས་མ་ཐུབ་པའི་གནས་སྟངས་ཆགས་ཡོད་ཀྱང། ད་ལྟའི་ཆར་གནད་དོན་ཡོངས་རྫོགས་གྲོས་ཚོགས་ཀྱི་ཚོགས་དུས་འདིའི་ཐོག་སེལ་ཟིན་པ་ཡིན་སྟབས། སྤྱི་འཐུས་དང་མང་ཚོགས་རྣམས་བློ་བདེ་པོ་གནང་རོགས་ཞེས་དང་། མ་འོངས་པར་གནད་དོན་དེ་རིགས་ཐོག་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་དང་མང་ཚོགས་ནས་འགན་ཁུར་བཞེས་དགོས་གལ་ཡིན་པར་འབོད་སྐུལ་ནན་པོ་གནང་སོང་། དེ་བཞིན་ཐེངས་འདིའི་གྲོས་ཚོགས་ཐོག་སྤྱི་འཐུས་སྒེར་གྱི་གྲོས་ཆོད་འདོན་པ་དང་སྦྲགས་ཏེ་བོད་ཀྱི་སྐད་ཡིག་གི་གལ་གནད་ལ་གཞིགས་པའི་མི་ཉམས་རྒྱུན་འཛིན་དང་སླར་གསོ་གོང་འཕེལ་ཆེད་གྲོས་ཆོད་གཏན་འབེབས་གནང་ཐུབ་པར་དགའ་ཚོར་ཡོད་སྐོར་གསུངས་པ་དང་འབྲེལ། དེང་སྐབས་བོད་ཀྱི་སྐད་ཡིག་ཐོག་མང་ཚོགས་ཁྲོད་ནས་དོ་སྣང་ཤུགས་ཆེ་གནང་བཞིན་ཡོད་པ་དང་། སྐད་ཡིག་གོང་འཕེལ་ཐད་གོ་སྐབས་དམ་འཛིན་གནང་དགོས་སྐོར་གསུངས་སོང། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་སྙན་ཐོ་འགོད་འབུལ་དང་བགྲོ་གླེང་གི་ལས་རིམ་གནང་ཡོད་པ་དང་འབྲེལ། ལྷན་ཁང་ཁག་གི་ལས་ཁུངས་མ་ལག་དང་བཅས་པས་སླད་མར་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་ཆེད་འཛུགས་གནང་མི་དགོས་པའི་གནས་སྟངས་བཟོ་ཐུབ་དགོས་གལ་སྐོར། དེ་བཞིན་ཐེངས་འདིའི་གྲོས་ཚོགས་ཚོགས་དུས་ཐོག་ནང་སྲིད་ལས་ཁུངས་ཀྱི་ལས་བསྡོམས་ཐོག་བགྲོ་གླེང་མང་ཤོས་གནང་ཡོད་པ་དང། དེའི་ཁོངས་སུ་དམིགས་བསལ་བེུད་ཀྱི་ཉིན་མོ་སྲུང་བརྩི་དང་འབྲེལ་བ གྲོ་གླེང་མང་ཤོས་བྱུང་ཡོད། དེ་སྔའི་ཚོགས་དུས་གསུམ་པའི་ཐོག་ལ་ཡང་གནད་དོན་དེའི་སྐོར་གླེང་གློང་མ་པོ་བྱུང་ཡོད་པ་ལྟར། འཛིན་སྐྱོང་བཀའ་ཤག་ནས་གོ་བསྡུར་སྦྱང་བཤད་སོགས་གནང་དགོས་རིགས་ལ་དེ་ལྟར་གནང་སྟེ་མ་འོངས་པར་དེའི་ཐོག་བགྲོ་གླེང་འཕར་མ་གནང་མི་དགོས་པའི་ལམ་སྟོན་གནང་སོང་། ལྷག་པར་དུ་གྲོས་ཚོགས་འཐུས་མི་དང་འཛིན་སྐྱོང་བཀའ་ཤག དེ་བཞིན་མང་ཚོགས་བཅས་ཚང་མའི་ངོས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་དང་བོད་མིའི་ཆེད་དུ་༸སྐུ་ངལ་འཛེམས་མེད་ཀྱིས་ཐུགས་འཁུར་ཆེ་བཞེས་མཛད་བཞིན་ཡོད་སྟབས། མགོན་པོ་༸གང་ཉིད་མཆོག་གི་དགོངས་གཞི་ལྟར་འགྲོ་ཐུབ་པར་འབད་བརྩོན་གནང་དགོས་གལ་དང། ཆིག་སྒྲིལ་གྱི་གལ་གནད་དང་ནུས་པ་མཉམ་སྤུངས་གནང་དགོས་པ་བཅས་ཀྱི་ཐོག་གསུང་བཤད་གནང་ཡོད་པ་རེད། རྩ་བའི་དེ་རིང་ཉིན་མཐའ་མའི་གྲོས་ཚོགས་ཀྱི་སྔ་དྲོའི་ཚོགས་དུས་གཉིས་ནང་འཕྲོད་བསྟེན་ལས་ཁུངས་ཀྱི་ལོ་འཁོར་སྙན་ཐོའི་ཐོག་བགྲོ་གླེང་གནང་པའི་ཁྲོད། སྤྱི་འཐུས་ ༩ ཙམ་ནས་མཉམ་ཞུགས་གནང་ཐོག་འཕྲོད་བསྟེན་བཀའ་བློན་མཆོག་ལ་ས་གནས་ཀྱི་སྨན་ཁང་ཁག་དང་གཞིས་ཆགས་ཁག་གི་ནང་དུ་འཐུང་ཆུའི་དཀའ་ངལ་གྱི་གནད་དོན་དང། ཆབ་སྲིད་བཙོན་ཟུར་རྣམས་ལ་འཕྲོད་བསྟེན་མཐུན་འགྱུར་སྦྱར་ཕྱོགས། བོད་པའི་སྨན་ཁང་ནང་དུ་སྨན་ཞབས་པ་དང་སྨན་པ་མ་འདང་བའི་དཀའ་ངལ། དེ་བཞིན་སྨན་ཁང་ཁག་ལ་དེང་དུས་དང་མཐུན་པའི་མཐུན་རྐྱེན་སྦྱོར་སྤྲོད་སོགས་ཀྱི་ཐོག་དྲི་བ་མང་དག་ཕེབས་པར་བཀའ་བློན་མཆོག་གིས་ལན་འདེབས་གསལ་བཤད་གནང་ཡོད། རྩ་བའི་ཟླ་བ་འདིའི་ཕྱི་ཚེས་ ༡༩ ནས་དབུ་འཛུགས་ཀྱིས་དེ་རིང་ཚེས་ ༢༨ བར་ཉིན་གྲངས་ ༩ རིང་ཚོགས་པའི་གྲོས་ཚོགས་དུས་འདིའི་ཐོག་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་ ༥ དང་དོན་ཚན་ ༧ ཅན་གྱི་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད། བོད་ཀྱི་སྐད་ཡིག་ཐོག་གྲོས་ཆོད་ཁག་ཅིག་གཏན་འབེབས། དེ་བཞིན་ཁྲིམས་སྒྲིག་བསྐྱར་གཅོས་ཁག་ཅིག་གནང་ཡོད་པའི་ཁྲོད་གྲོས་ཚོགས་ཀྱི་དུས་ཚོད་མང་ཆེ་བ་བཀའ་བློན་ལྷན་ཁང་ཁག་གི་ལས་བསྡོམས་སྙིང་བསྡུས་དང་། སྤྱི་འཐུས་རྒྱུན་ལས་ཀྱིས་ལྷན་ཁང་ཁག་གི་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་པའི་སྙན་ཐོའི་ཐོག་བགྲོ་གླེང་དང་ལན་འདེབས་གསལ་བཤད་སོགས་གནང་ཡོད་པ་རེད།

སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་གཉིས་པ་མཇུག་སྒྲིལ་གནང་སོང་།

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་དབུ་བཞུགས་སྤྱི་རྣམ་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་བཀའ་བློན་རྣམ་པ་ལྷན་བཞུགས་ཐོག་འདས་པའི་ཉིན་གྲངས་དགུ་རིང་གྲོས་ཚོགས་ཚོགས་དུས་གཉིས་པ་དེ་ཚོགས་ཡོད་པ་ལྟར་དེ་རིང་ལས་རིམ་ཡོངས་སུ་མཇུག་སྒྲིལ་གནང་ཡོད་པརེད། དེ་རིང་ལས་ཉིན་མཐའ་མའི་སྐབས་ཉེ་སྔོན་ལས་ཉིན་གཉིས་པའི་སྐབས་བཀའ་ཤག་གི་གསལ་བཤད་ཐོག་བགྲོ་གླེང་གནང་སྐབས་སྤྱི་འཐུས་ཁག་ཅིག་གིས་སྲིད་སྐྱོང་མཆོག་ལ་༸གོང་ས་མཆོག་གི་༸སྐུ་ཕྱྭ་དང་ཆབ་སྲིད། དེ་བཞིན་འཛིན་སྐྱོང་དང་འབྲེལ་བའི་དྲི་བ་མང་དག་ཕེབས་ཡོད་པར་བཀའ་ཤག་ནས་ལན་འདེབས་གསལ་བཤད་གནང་སོང་བ་དང་། སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐོར་དང་འབྲེལ། ༸གང་ཉིད་མཆོག་ནི་ང་ཚོར་ཧ་ཅང་གི་བཀྲིན་ཆེན་པོ་ཆགས་ཡོད་པས་༸རྒྱལ་བའི་བཀྲིན་རྗེས་སུ་དྲན་པ་དང་སྦྲགས། འཛིན་སྐྱོང་གི་ངོས་ནས་༸གང་ཉིད་མཆོག་གི་༸སྐུ་ཕྱྭ་འི་གནད་དོན་དེ་ནི་གལ་ཆེ་ཤོས་སུ་ངོས་འཛིན་གནང་ཡོད་སྐོར་གསུངས་པ་དང་། ལྷག་པར་དུ་༸རྒྱལ་བའི་༸སྐུ་ཕྱྭའི་ཐོག་ལ་ད་བར་རྒྱ་གར་དབུས་དང་མངའ་སྡེའི་གཞུང་ནས་མཐུན་འགྱུར་སྔར་ལྷག་སྦྱར་དང་སྦྱོར་མུས་ཡིན་པར་ཐུགས་རྗེ་ཆེ་ཞུས་གནང་སོང་། ད་དུང་སྲིད་སྐྱོང་མཆོག་ནས་བོད་རྒྱ་འབྲེལ་མོལ་དང་སྐུ་ཚབ་བསྐོ་གཞག་སྐོར། རྒྱ་ནག་ནང་གི་འགོ་ཁྲིད་འཕོ་འགྱུར་དང་རྒྱལ་སྤྱིའི་འགྱུར་འགྲོས། རྒྱ་གར་ནང་གི་བོད་མི་ཚོས་རྒྱ་གར་མི་སེར་ལག་དེབ་བཟོ་མིན་ཐད་བཀའ་ཤག་གི་བཞེངས་ཕྱོགས་སྐོར་ཡང་གསུངས་གནང་སོང་པ་མ་ཟད། ལྷག་པར་དུ་བཀའ་ཤག་ནས་བོད་དོན་ལས་འགུལ་སྤེལ་མཁན་ཚོར་མཐུན་འགྱུར་དང་རྒྱབ་སྐྱོར་ཞུ་ཕྱོགས་སྐོར་དྲི་བ་ཕེབས་པར་སྲིད་སྐྱོང་མཆོག་གིས་འཛིན་སྐྱོང་གི་ལམ་སྟོན་གཙོ་བོ་གསུམ་ཡོད་པ་དཔེ་མཚོན་དང་འབྲེལ་ནས་བཀའ་ནན་གནང་སོང། གཞན་ཡང་སྲིད་སྐྱོང་མཆོག་ནས་སྤྱི་འཐུས་འགའ་ཞིག་གིས་བཀའ་ཤག་ནས་བོད་ནས་ཕེབས་མཁན་གསར་འབྱོར་བ་ཚོར་འཕྲད་བཞིན་པའི་དཀའ་ངལ་ལ་གཟིགས་རྟོགས་གནང་གལ་ཡིན་པ་གསུངས་མཁན་རྣམས་ལ་གསལ་བཤད་གནང་སྐབས། འཛིན་སྐྱོང་ནས་གསར་འབྱོར་དང་རྙིང་འབྱོར་གྱི་དབྱེ་བ་མ་ཕྱེས་པར་བོད་མི་སུ་ལ་དཀའ་ངལ་འཕྲད་ཀྱང་གཅིག་མཚུངས་ཐོག་ནས་སེལ་ཐབས་གནང་གི་ཡོད་པ་ཞིབ་ཚགས་གསུངས་སོང་། ད་དུང་དེ་རིང་སྲིད་སྐྱོང་མཆོག་གིས་བཀའ་ཤག་གི་ལན་འདེབས་གསལ་བཤད་དབུ་འཛུགས་གནང་སྐབས་ཁ་སང་གྲོས་ཚོགས་ཀྱི་ལས་ཉིན་བརྒྱད་པའི་ཐོག་སྤྱི་འཐུས་ཐུབ་བསྟན་ལུང་རིག་ལགས་ཀྱིས་སྤྱི་འཐུས་སྒེར་གྱི་གསལ་བཤད་ཞེས་པ་ཞིག་བསྣམས་ཏེ། སྲིད་སྐྱོང་མཆོག་གིས་དེ་སྔ་གྲོས་ཚོགས་ཚོགས་དུས་དང་པོའི་སྐབས་ཕྱག་རོགས་བཀའ་བློན་རྣམ་པའི་མཚན་འདོན་གནང་སྐབས་བཀའ་བློན་གྱི་འོས་མི་རྣམ་པའི་དང་བླང་དཔྱ་དངུལ་ལག་དེབ་བཏོན་མེད་པའི་གནད་དོན་དང་འབྲེལ། གྲོས་ཚོགས་དབུ་སྐོར་བཏང་ཡོད་པ་གསུངས་པའི་ཐད་ལ་ལན་འདེབས་གནང་སྐབས། སྤྱི་འཐུས་ཐུབ་བསྟན་ལུང་རིག་ལགས་ཀྱིས་སྐབས་ཐོག་དེ་གར་ལས་རིམ་རྣམ་གཞག་བཏོན་པ་དང་སྦྲགས། སྲིད་སྐྱོང་མཆོག་ནས་སྤྱི་འཐུས་སྒེར་གྱི་གསལ་བཤད་ལ་ལན་འདེབས་གནང་ཆོག་གི་མེད་ཅིང་། གལ་ཏེ་དེ་ལྟར་གནང་ཚེ་ཁོང་ལའང་བགྲོ་གླེང་གི་གོ་སྐབས་གཅིག་མཚུངས་དགོས་པའི་གནས་ཚུལ་བྱུང་མཐར། སྲིད་སྐྱོང་མཆོག་གིས་ཡིག་ཆ་དང་བཅས་གྲོས་ཚོགས་ནང་ཁོང་གིས་བཀའ་བློན་གྱི་འོས་མི་བཏོན་གནང་པ་དེ་དག་བཀའ་ཤག་གོང་མའི་འོས་ཆོས་ལྟར་བཏོན་པ་ལས་གྲོས་ཚོགས་ལ་དབུ་སྐོར་ཞུས་མེད་པ་འགྲེལ་བརྗོད་གནང་སོང། འོན་ཀྱང་སྤྱི་འཐུས་ཐུབ་བསྟན་ལུང་རིག་ལགས་ནས་དེའི་ཐོག་ལན་འདེབས་གནང་སྐབས་སྲིད་སྐྱོང་མཆོག་གིས་སྐབས་དེར་གྲོས་ཚོགས་སུ་བཀའ་བློན་གྱི་འོས་མིག་ཚང་མ་འོས་ཆོས་ཚང་བ་ཡིན་པར་འགྲེལ་བརྗོད་གནང་ཡང། བཀའ་བློན་དུ་མཚན་བཏོན་གནང་པའི་སྤྱི་ཟུར་ཞིག་རྗེས་སུ་བཀའ་བློན་ནས་ཕྱིར་འཐེན་གནང་དགོས་བྱུང་བ་དེ་གྲོས་ཚོགས་ལ་དབུ་སྐོར་བཏང་བ་ཞིག་ཡིན་པར་འགྲེལ་བརྗོད་གནང་ཡོད། གཞི་རྩའི་སྲིད་སྐྱོང་མཆོག་གིས་དེ་སྔའི་གྲོས་ཚོགས་སུ་སྐབས་དེའི་དབུས་གཙང་སྤྱི་འཐུས་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་བཀའ་བློན་དུ་མཚན་བཏོན་གནང་སྐབས་ཁོང་ལ་གྲོས་ཚོགས་ནང་མང་མོས་ཐོག་རྒྱབ་སྐྱོར་ཐོབ་ཡོད་པ་རེད། འོན་ཀྱང་རྗེས་སུ་གསར་འགྱུར་བརྒྱུད་ལམ་ཐོག་བཀའ་བློན་གྱི་འོས་མིག་དེ་ཉིད་བཅའ་ཁྲིམས་གཞིར་བཟུང་ལོ་ ༣༥ ཧྲིལ་པོ་ལོན་མེད་པ་མངོན་གསལ་བྱུང་རྗེས། དེའི་ཕྱི་ཉིན་ཁོང་བཀའ་བློན་གྱི་མཚན་གནས་ནས་ཕྱིར་འཐེན་གནང་ཡོད་པ་དང། ད་རེས་ཐེངས་འདིའི་གྲོས་ཚོགས་ཐོག་སླར་ཡང་ཁོང་བཀའ་བློན་དུ་མིང་འདོན་གནང་ཡང་མང་མོས་རྒྱབ་སྐྱོར་ཐོབ་མེད་པ་རེད། དེ་རིང་སྲིད་སྐྱོང་མཆོག་གིས་གསལ་བཤད་ཀྱི་མཐའ་མར་ད་རེས་གྲོས་ཚོགས་འདིའི་ནང་བེུད་ཀྱི་བཀའ་བློན་འོས་མི་གཅིག་ལ་བཀའ་འཁྲོལ་བྱུང་མེད་ནའང། སླང་ཡང་བེུད་གཅིག་བསྣམ་རྒྱུའི་རེ་བ་མུ་མཐུད་གནང་རྒྱུ་ཡིན་པ་གསུངས་སོང་། བཀའ་ཤག་གི་གསལ་བཤད་གྲུབ་བསྟུན་དེ་རིང་གི་ལས་རིམ་མཐའ་མ་དེར་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཚོགས་འདུ་མཇུག་བསྡོམས་ཀྱི་གསུངས་བཤད་གནང་སོང་བ་དང། སྐབས་དེར་ཚོགས་གཙོ་མཆོག་གིས་ད་རེས་གྲོས་ཚོགས་འཐུས་མི་རྣམ་པ་ཡོངས་ནས་ལས་བསྡོམས་ཁག་གཙོས་པའི་སྤྱི་ཡོངས་ལས་རིམ་ཐོག་ལ་བགྲོ་གླེང་ལྷུག་པོ་དང་མང་གཙོ་འགྲོ་སྟངས་ཚད་དང་ལྡན་པ་ཞིག་བྱུང་ཡོད་པ་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུས་སོང་བ་དང་དུས་མཉམ། གྲོས་ཚོགས་ནང་སྐབས་རེ་སྤྱི་འཐུས་ནང་ཕུན་ཚིག་རྒྱག་འཕེན་རེ་དང་སྤྱོད་ལམ་བསྟན་ཕྱོགས་ཀྱི་ཆ་ནས་ཐུགས་འཚབ་བྱུང་ཡོད་སྟབས། མ་འོངས་པ་ན་འགན་འཁུར་ཡོད་པ་གནང་གལ་ཡིན་པ་ལམ་སྟོན་གནང་ཡོད་པ་རེད། གཞན་ཡང་ཚོགས་གཙོ་མཆོག་གིས་ཐེངས་འདིའི་གྲོས་ཚོགས་ནང་ཤེས་རིག་སྐོར་དང་འབྲེལ་བོད་ཀྱི་སྐད་ཡིག་ཐོག་ལ་ཚོར་བ་ཆེན་པོས་བགྲོ་གླེང་ཤུགས་ཆེ་བྱུང་གནང་སྐོར་གསུངས་པ་དང་ཆབས་ཅིག མ་འོངས་པར་བོད་ཀྱི་སྐད་ཡིག་འཛིན་སྐྱོང་སྤེལ་གསུམ་གྱི་འགན་མི་རེ་ངོ་རེ་དང་ཁྱིམ་ཚང་། དེ་བཞིན་སྤྱི་ཚོགས་ཧྲིལ་པོ་ལ་ཡོད་པ་གསུངས་ཡོད་པ་རེད། གཞི་རྩའི་ཐེངས་འདིའི་གྲོས་ཚོགས་དེ་བཞིན་ལས་བསྡོམས་གྲོས་ཚོགས་ཆགས་ཡོད་པ་ལྟར་གྲོས་ཚོགས་ཀྱི་ལས་ཉིན་དགུ་པོའི་དུས་ཚོུད་མང་ཆེ་བ་བོད་མིའི་སྒྲིག་འཛུགས་ལྷན་ཁང་ཁག་སོ་སོའི་ཕྱི་ལོ་ ༢༠༡༥་༡༦ ལོའི་ལོ་འཁོར་ལས་བསྡོམས་སྤྱིའི་ཐོག་ལ་བཏང་གནང་སོང་བ་དང་། གཞན་ཡང་ལས་རིམ་ཁྲོད་བོད་ནང་གི་ཛ་དྲག་གནང་སྟངས་སོགས་ཀྱི་ཐོག་ལ་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དང་། བཀའ་ཤག་ནས་དམིགས་བསལ་ལས་བྱེད་བསྐོ་གཞག་སོགས་གཞུང་འབྲེལ་ཁྲིམས་སྒྲིག་བསྐྱར་བཅོས་ཁག་ཅིག སྐར་རྟགས་ཅན་གྱི་དྲི་བ་ཁག་ཅིག་སོགས་ཀྱང་ཕེབས་ཡོད་པ་རེད།

Latest news