Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་གིས་བོད་མི་ཚོར་མཉམ་བསྡུས་ཀྱི་ཉེས་ཆད་བཀལ་རྒྱུ་འཕྲལ་མར་མཚམས་འཇོག་དགོས་པ་གསུངས་སོང་།

Tibetan News Headlines

  • HHDL gives audience to devotees of Dipankara Buddhist Centre
  • Taiwan’s new president takes office, calls on China to cease hostile actions
  • Tibetan delegation attends Lai Ching-te’s swearing-in ceremony, meets newly re-established parliamentary group for Tibet
  • US urges China to immediately account for Panchen Rinpoche’s whereabouts and well-being
  • Is the Panchen Lama alive or dead? Tashi Lhunpo’s Deputy Abbot speaks at FCCC

རེས་གཟའ་ཟླ་བ། ༢༠༢༤།༠༥།༢༠

  • སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ནི་སྟོན་པའི་བསླབ་བྱ་གཙོ་བོ་དེ་ཡིན་པ་བཀའ་བསྩལ་འདུག
  • ཐེ་ཝན་མི་མང་གི་རང་ཐག་རང་གཅོད་ཀྱི་སྙིང་སྟོབས་ལ་ཆེ་བསྟོད་དང་རྒྱ་གཞུང་ལ་དྲག་པོའི་འཇིགས་སྐུལ་མཚམས་འཇོག་དགོས་པའི་སྐུལ་འདེབས།
  • ཐེ་ཝན་སྲིད་འཛིན་གྱི་དམ་འབུལ་མཛད་སྒོར་བོད་མིའི་བཀའ་སྤྱི་གཉིས་ཀྱི་སྐུ་ཚབ་ལྷན་ཞུགས།
  • ཨ་རི་གཞུང་གིས་༸པཎ་ཆེན་རིན་པོ་ཆེ་མཆོག་གང་དུ་ཡོད་མེད་དང་སྐུ་ཁམས་བདེ་ཐང་ཡིན་མིན་གསལ་བཏོན་དགོས་པའི་ཞུ་སྐུལ།
  • ༸པཎ་ཆེན་རིན་པོ་ཆེ་གློད་བཀྲོལ་དགོས་པ་སོགས་དོན་ཚན་ལྔ་ཅན་གྱི་རེ་འབོད།

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་དང་ཁོ་མོའི་ནང་མི་ཉེ་འབྲེལ་རྣམས་ཀྱིས་མྱང་བའི་དཀའ་སྡུག་ལུང་འདྲེན་དང་འབྲེལ། རྒྱ་གཞུང་གིས་བོད་མིར་འདི་ལྟ་བུའི་མཉམ་བསྡུས་ཀྱི་ཉེས་ཆད་བཀལ་རྒྱུ་རིགས་འཕྲལ་མར་མཚམས་འཇོག་དགོས་པ་གསུངས་སོང་།

Namkyi la

དེ་ཡང་ཉེ་ལམ་རྒྱལ་སྤྱིའི་བརྒྱུད་ལམ་ཐོག་དངོས་སུ་ཐོན་ཏེ་རྒྱ་ནག་གི་དབང་འགྱུར་འོག་བོད་མིའི་དཀའ་སྡུག་ཡོངས་གྲགས་གནང་མཁན་བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་ཀྱིས། ཁོ་མོར་རྒྱ་གཞུང་གིས་མནར་གཅོད་ཇི་ཙམ་བཏང་ཡང་ཁྱད་པར་མེད་ཀྱང་ཁོང་ལ་བརྟེན་ནས་ནང་མི་དང་སྡེ་བ་ཚོར་དཀའ་སྡུག་མྱོང་བཞིན་པ་མཐོང་དུས་སེམས་སྡུག་ཧ་ཅང་དྲག་པོ་གཏོང་གི་ཡོད་པ་དང་།  ལྷག་པར་ཁོང་གི་མཐའ་འཁོར་དུ་ཡོད་པའི་མི་རྣམས་ལ་ཧ་ཅང་དམ་བསྒྲགས་བྱེད་པ་དེ་ནི་ཁོང་ལ་དཀའ་ལས་ཁག་ཤོས་དེ་ཆགས་ཀྱི་ཡོད་སྐོར་གསུངས་ཡོད་པ་མ་ཟད། རྒྱ་གཞུང་གིས་ཁོང་བཙོན་གྲོལ་ཐོབ་རྗེས་ཀྱང་ལྟ་སྲུང་འོག་འགྲོ་འདུག་སྤྱོད་གསུམ་གྱི་རང་དབང་ལ་དམ་བསྒྲགས་ཤུགས་ཆེ་བྱས་ཡོད་ཅིང་། སྨན་བཅོས་བྱ་རྒྱུ་ལའང་ཆོག་མཆན་སྤྲད་མེད་པ། དེ་བཞིན་མཉམ་བསྡུས་ཀྱི་ཉེས་ཆད་ཁྲོད་ཁོང་གི་ནང་གཉེན་སྤུན་ཚ་བོ་ཚ་མོ་རྣམས་སློབ་གྲྭར་འཇུག་རྒྱུའི་གོ་སྐབས་དང་ཐོབ་ཐང་མ་སྤྲད་པ་སོགས་ཀྱི་དཀའ་ངལ་ཆེན་པོ་བྱུང་ཡོད་སྐོར་གསུང་ཡོད་པ་རེད།

Namkyi la

བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་བསྟན་འཛིན་ཟླ་བ་ལགས་ཀྱིས། དེ་སྔོན་ཡང་དེ་གའི་ལྟེ་གནས་ཁང་གི་ངོས་ནས་རྒྱ་གཞུང་གིས་ཆབ་སྲིད་བཙོན་ཟུར་གྱི་ནང་མི་ཉེ་འབྲེལ་རྣམས་ལ་མཉམ་བསྡུས་ཀྱི་ཉེས་ཆད་བཀལ་བའི་གནས་ཚུལ་ཤེས་རྟོགས་ཐུབ་ཡོད་པ་དང་། ལྷག་པར་དུ་ད་རེས་རྣམ་སྐྱིད་ལགས་ཀྱི་གནད་དོན་དང་འབྲེལ་ནས་རྒྱ་གཞུང་གིས་མཉམ་བསྡུས་ཉེས་ཆད་བཀལ་རྒྱུ་འདི་ཉིད་རྒྱལ་ཁབ་ཀྱི་སྲིད་བྱུས་ཡིན་པའི་ངོ་བོ་གསལ་པོ་མངོན་གྱི་འདུག་ཅེས་དང་། དེ་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྒྲིག་དང་ཡོངས་སུ་འགལ་གྱི་ཡོད་པ་མ་ཟད། རྒྱ་ནག་གི་རྩ་ཁྲིམས་འབྲུ་དོན་དང་མཐུན་གྱི་མེད་པ། རྒྱ་ནག་དེ་ཉིད་དབང་སྒྱུར་ཅན་གྱི་སྲིད་གཞུང་ཡིན་ཡང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འཐུས་མི་ཞིག་ཡིན་དུས་ཆབ་སྲིད་སྤྱི་དམངས་ཐོབ་ཐང་དང་། བྱིས་པའི་ཐོབ་ཐང་སོགས་རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་མང་པོ་ལ་མཚན་རྟགས་བསྐྱོན་ཡོད་སྟབས། དོན་དངོས་ཐོག་ལག་བསྟར་བྱེད་ཀྱི་མེད་པར་བརྟེན། རྒྱ་གཞུང་ནས་དེ་འབྲེལ་ལས་འགན་ལ་ངེས་པར་དུ་འཁུར་དགོས་པའི་སྐུལ་འདེབས་ཐོག བོད་ཀྱི་ཆབ་སྲིད་བཙོན་པ་དང་། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་ཅན་རྣམས་ལ་དཀའ་ངལ་འཕྲད་པ་རིགས་ཡོངས་རྫོགས་འཕྲལ་མར་མཚམས་འཇོག་དགོས་པ་ནན་བརྗོད་གནང་སོང་།

དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་ཀྱང་རྣམ་སྐྱིད་ལགས་ཀྱི་གནད་དོན་དང་འབྲེལ་ནས་བོད་ཀྱི་ཆབ་སྲིད་བཙོན་ཟུར་གྱི་ནང་མི་ཉེ་འབྲེལ་རྣམས་ལ་མཉམ་བསྡུས་ཀྱི་ཉེས་ཆད་བཀལ་མཁན་གྱི་རྒྱ་གཞུང་དཔོན་རིགས་རྣམས་ལ་ཞིབ་འཇུག་ཀྱིས་འགན་ཁུར་ལྡན་པ་ཞིག་བཟོ་དགོས་པའི་འབོད་སྐུལ་གནང་སོང་།

Tenzin Dawa la
Photo: TCHRD Facebook Page. Tenzin Dawa

རྩ་བའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་རྒྱ་ནག་གི་བཙོན་ཁང་ནང་ལོ་ ༣ བཙོན་འཇུག་མནར་གཅོད་མྱངས་ཡོད་པ་དང་། སྔ་ལོར་བཙན་བྱོལ་དུ་འབྱོར་རྗེས་འདི་ལོའི་ཕྱི་ཟླ་ ༢ ཚེས་ ༡༩ ཉིན་ཐེངས་དང་པོ་གསར་འགོད་གསལ་བསྒྲགས་གནང་སྟེ། བོད་ནང་གི་ཛ་དྲག་གནས་སྟངས་དང་། ལྷག་པར་བཙོན་འཇུག་སྐབས་དཀའ་སྡུག་མནར་གཅོད་ཇི་ཙམ་མྱངས་བ་སོགས་ཕྱིར་བསྒྲགས་གནང་ཡོད་པ་མ་ཟད། ཁོ་མོའི་གནད་དོན་ཐོག་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུའང་གནས་ཚུལ་ཐོན་ཡོད་པ་རེད།

ལྷག་པར་འདི་ག་རླུང་འཕྲིན་ཁང་གིས་ཉེ་ལམ་རྣམ་སྐྱིད་ལགས་སུ་བཅར་འདྲི་ཞུས་པའི་ཁྲོད། ཁོང་གི་གཅེན་པོ་ཆབ་སྲིད་བཙོན་ཟུར་དགེ་འདུན་ཕུན་ཚོགས་ལགས་ཀྱི་གནས་སྟངས་ཇི་འདྲ་ཡོད་མེད་ཀྱི་གནས་ཚུལ་ཡང་ར་སྤྲོད་གནང་ཡོད་པ་དང་། དགེ་འདུན་ཕུན་ཚོགས་ལགས་ནི་དེ་སྔོན་རྔ་བ་ཀིརྟི་དགོན་པའི་གྲྭ་པ་ཞིག་ཡིན་ཞིང་། ཁུལ་དེར་ཞི་བའི་ངོ་རྒོལ་ནང་མཉམ་ཞུགས་གནང་བར་འཛིན་བཟུང་བྱས་ཏེ་ལོ་བཞི་བཙོན་འཇུག་ཁྲིམས་ཐག་བཅད་རྗེས་ཕྱི་ལོ་ ༢༠༡༩ ལོར་གློད་བཀྲོལ་བཏང་ཡོད་པ་དང་། བཙོན་ཁང་ནང་སྨན་བཅོས་མེད་པའི་མཐར་ཁྲེན་ཏུའུ་སྨན་ཁང་ཆེ་བ་དེའི་ནང་བརྟག་དཔྱད་སྐབས་རྩིབས་མ་ཆག་ཡོད་པ་དང་། གློ་ནད་ཀྱི་ན་ཚ་ཐོན་ཡོད་པར་སྨན་བཅོས་ཆེད་རྒྱ་སྒོར་ཁྲི་གཅིག་འགྲོ་གྲོན་ཕྱིན་ཡོད་པ་དེ་ལྟར་ཡང་། རྒྱ་གཞུང་གིས་ཁ་གསབ་གང་ཡང་སྤྲད་མེད་པ་སོགས་དཀའ་སྡུག་ཧ་ཅང་མྱངས་དང་མྱོང་བཞིན་ཡོད་པ་རེད་འདུག

Gendun Phuntsok la
Photo: TCHRD

དེ་བཞིན་རྔ་བ་ཁུལ་དུ་ཞི་བའི་ངོ་རྒོལ་སྐབས་དགེ་འདུན་ཕུན་ཚོགས་ལགས་དང་དུས་མཉམ་དུ་རྔ་བ་ཀིརྟི་དགོན་པའི་གྲྭ་བ་བློ་བཟང་སྐལ་བཟང་ལགས་ཀྱང་འཛིན་བཟུང་གིས་ལོ་གསུམ་དང་ཕྱེད་ཀ་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ཁོང་ཡང་གློད་བཀྲོལ་སྐབས་འཕྲོད་བསྟེན་ཡག་པོ་མེད་པ་རེད་འདུག

གཞི་རྩའི་རྒྱ་གཞུང་གིས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ལ་སྡུག་སྦྱོང་མནར་གཅོད་ཚད་ལས་བརྒལ་བ་གཏོང་གི་ཡོད་པ་དང་། ཁོང་རྣམས་བཙོན་གྲོལ་ཐོབ་རྗེས་སུའང་ཛ་དྲག་གི་སྨན་བཅོས་དགོས་ངེས་སོགས་དུ་མ་བྱུང་ཡོད་པ་དང་། ཕལ་ཆེ་བ་བཙོན་གྲོལ་རྗེས་འདས་གྲོངས་སུ་གྱུར་བའི་གནས་ཚུལ་བྱུང་ཡོད་པ་མ་ཟད། ཁོང་རྣམ་པའི་ནང་མི་ཉེ་འབྲེལ་དང་སྡེ་བ་ལའང་རྣམ་སྐྱིད་ལགས་སུ་འཕྲད་པའི་མཉམ་བསྡུས་ཀྱི་ཉེས་ཆད་ཀྱི་དཀའ་ངལ་བཞིན་དམ་བསྒྲགས་ཚད་མེད་མྱོང་བཞིན་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།