རྒྱ་ནག་གཞུང་གི་བོད་ནང་ཆེས་དམ་དྲག་བྱེད་བཞིན་པ་དང་ལྷག་པར་དུ་ཉེ་ལམ་གཏན་འབེབས་བྱས་པའི་བོད་ནང་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་སྲིད་བྱུས་འོག་བོད་ཀྱི་ཆོས་དང་རིག་གཞུང་དེ་བཞིན་སྐད་ཡིག་བཅས་རྒྱ་ནག་ཅན་དུ་བསྒྱུར་ཐབས་ཀྱི་སྲིད་བྱུས་ལ་མཐའ་གཅིག་ཏུ་ངོ་རྒོལ་དང་འབྲེལ། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཆུ་ཚོད་ ༩༠ རིང་གི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་འདུག

དེ་ཡང་ཨ་རིའི་ནིའུ་ཡོག་དང་ནིའུ་ཇར་སི་སྐབས་ ༡༨ པའི་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་ཕྱི་ཚེས་ ༦ གི་དགོང་མོ་ཕྱག་ཚོད་ ༦ པ་ནས་འགོ་འཛུགས་ཀྱིས་ཕྱི་ཚེས་ ༡༠ ཡི་ཉིན་རྒྱབ་ཕྱག་ཚོད་ ༡ པོའི་བར་ཁྱོན་ཆུ་ཚོད་ ༩༠ རིང་གི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་འདུག་པ་དང་། སྐབས་དེར་ཉིན་དང་པོ་དང་གཉིས་པའི་ངོ་རྒོལ་སྐབས་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བློ་བཟང་ཚེ་རིང་གཙོས་པའི་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་མི་བཞི། དེ་བཞིན་ཚོགས་མི་གཅིག་བཅས་ཁྱོན་མི་གྲངས་ ༦ མཉམ་ཞུགས་གནང་ཡོད་པ་མ་ཟད། སང་ཉིན་ ༣ པའི་སྐབས་རྒྱུན་ལས་ ༣ མཉམ་ཞུགས་གནང་གི་ཡོད་པ་དང་སྦྲགས་ཁྱོན་མི་གྲངས་ ༩ མཉམ་ཞུགས་གནང་གི་ཡོད་པ་རེད།
རྩ་བའི་ཐེངས་འདིའི་ལས་འགུལ་དེ་བཞིན་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཟླ་རེའི་ཚེས་ ༡༠ ནམ་ཡིན་ལ་སྤེལ་བཞིན་པའི་ཚེས་བཅུའི་ལས་འགུལ་ཐེངས་ ༡༩ པ་དེ་ཡིན་པ་དང་ཁྱོན་ཉིན་གྲངས་ལྔའི་རིང་མུ་མཐུད་ལས་འགུལ་སྤེལ་རྒྱུ་ཡིན་པ་དང་འབྲེལ། ས་གནས་ཀྱི་སྒྲིག་གཞི་ལྟར་ལས་འགུལ་བ་རྣམས་དགོང་མོ་ངོ་རྒོལ་གནང་སའི་ས་གནས་སུ་བཞུགས་ཆོག་མིན་གྱི་དཀའ་ངལ་ཡོད་པར་བརྟེན། ནིའུ་ཡོག་ལ་རྟེན་གཞི་བྱས་པའི་ཀརྨ་པ་སྲིད་ཞུ་ཚོགས་པས་ངོས་ནས་ལས་འགུལ་བ་རྣམས་ལ་དགོང་མོ་བཞུགས་གནས་དང་ཉལ་སའི་མཐུན་འགྱུར་རིན་མེད་ཐོག་གནང་ཡོད་འདུག

གནད་དོན་དེ་འབྲེལ་འདི་ག་རླུང་འཕྲིན་ཁང་གིས་ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་བོད་ཀྱི་གཞོན་ལྷན་ཚོགས་ཀྱི་ཚོགས་གཙོ་བློ་བཟང་ཚེ་རིང་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས་ད་ལན་གྱི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་དེ་བཞིན་ཆུ་ཚོད་ ༩༠ བཞག་དགོས་པའི་རྒྱུ་མཚན་ནི་འདི་ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ ལ་ཕེབས་ཡོད་པ་དང་འབྲེལ། ངོ་རྒོལ་སྐབས་ང་ཚོས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱ་ནག་གཞུང་ལ་དགོས་འདུན་དོན་ཚན་ ༧ ཅན་ཞིག་བཏོན་ཡོད་པ་གསུངས་སོང་། དེའི་ནང་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཉི་མ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་ ༣༡ ཕྱིན་ཡོད་པས་ཁོང་སྐུ་འཚོ་བཞུགས་ཡོད་མེད་ཀྱི་གནས་ཚུལ་དང་ཁོང་གི་ཡབ་ཡུམ་སྐུ་འཁོར་གཙོས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་ཡོངས་རྫོགས་ལ་སྔོན་འགྲོ་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པ། དེ་བཞིན་ཉེ་ཆར་རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་སྲིད་བྱུས་གཏན་འབེབས་བྱས་ཡོད་པ་དང་དེ་ནི་དོན་དངོས་སུ་བོད་མི་རིགས་གཙོས་པའི་གྲངས་ཉུང་མི་རིགས་ཡོངས་རྫོགས་ཁྲིམས་ཐོག་ནས་རྩ་མེད་གཏོང་རྒྱུ་དེ་ཡིན་པ་དང་མི་རིགས་བཙན་བསྒྱུར་གྱི་ཁྲིམས་ཡིག་དེ་བཞིན་འཕྲལ་དུ་མཚམས་འཇོག་དགོས་པ་སོགས་གསལ་ཡོད་པ་གསུངས་སོང་།
མ་ཟད་བློ་བཟང་ཚེ་རིང་ལགས་ཀྱིས་ཟས་བཅད་ངོ་རྒོལ་གནང་བའི་སྐབས་ཉེ་འགྲམ་གྱི་ཡུལ་མི་རྣམས་ལ་དོན་ཚན་བདུན་ཅན་གྱི་ཡིག་ཆ་འགྲེམས་སྤེལ་དང་སྦྲགས། བོད་ནང་གི་ཛ་དྲག་གི་གནས་སྟངས་དང་༸པཎ་ཆེན་རིན་པོ་ཆེ་སོགས་ཀྱི་གནས་སྟངས་སྐོར་གོ་རྟོགས་སྤེལ་རྒྱུ་བྱུང་ཡོད་པ་མ་ཟད། མི་མང་མང་དག་ཅིག་གི་དེར་རྒྱབ་སྐྱོར་མཚོན་ཆེད་དུ་ཡིག་ཆ་ཀློག་པ་དང་སྐད་ཆ་དྲིས་པ། དེ་བཞིན་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ལ་པར་བཏབ་པ་སོགས་བྱུང་སོང་ཞེས་གསུངས་སོང་།

རྩ་བའི་རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་སྲིད་བྱུས་ལ་ཉེ་ཆར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་ཁྲིམས་གསར་པ་དེར་སེམས་འཚབ་ཀྱི་རྣམ་པ་མངོན་གསལ་གནང་སྟེ། དེས་གྲངས་ཉུང་མི་རིགས་རྣམས་ཀྱི་ཆོས་ལུགས་རིག་གཞུང་བཅས་པར་སྔར་ལྷག་བཙན་གནོན་ཤུགས་ཆེན་ཐེབས་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད། དེའི་ཁྲོད་ཉེ་ཆར་ཟླ་ ༣ ཚེས་ ༢༡ ཉིན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཀྱི་ཁྲིམས་ཡིག་ལ་ངོ་རྒོལ་གྱིས་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་དང་དེ་ཡང་བཞུགས་སྒར་རྡ་རམ་ས་ལ་ནས་འགོ་འཛུགས་ཀྱིས་ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་རྒྱལ་ས་ལྡི་ལིར་མཇུག་སྒྲིལ་གནང་གི་ཡོད་པ་རེད།



