ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ནས་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

Tibetan News Headlines

  • Art & Culture: In Conversation with Tibetan Actor, Musician and Producer Tsering Dorjee Bawa

ཪེས་གཟའ་ཉི་མ། ༢༠༢༦།༡༡།༠༨

  • སྒྱུ་རྩལ་བ་ཚེ་རིང་འབའ་བ་ལགས་དང་གླེང་མོལ།

ཨོ་གླིང་གི་གྲོང་ཁྱེར་ཀེན་བྷེ་ར་ནང་གསར་དུ་བཞེངས་པའི་དཔལ་ས་སྐྱའི་ཞི་བདེ་གཙུག་ལག་ཁང་གི་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙ་ན་བཛྲ་རིན་པོ་ཆེ་མཆོག་དང་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་ལྕམ་ Katy Gallaghe གཉིས་སྐུ་མགྲོན་གཙོ་བོར་ཆེད་ཕེབས་གནང་འདུག་པ་དང་འབྲེལ་ཕན་ཚུན་མཇལ་མོལ་གནང་འདུག

དེ་ཡང་ཉེ་ཆར་ཟླ་ ༣ ཚེས་ ༢༨ ཉིན་དཔལ་ས་སྐྱའི་ཞི་བདེའི་གཙུག་ལག་ཁང་གི་དབུ་འབྱེད་ཀྱི་མཛད་སྒོ་འཚོགས་གནང་ཡོད་པ་དང་འབྲེལ། སྐབས་དེར་སྐུ་མགྲོན་གཙོ་བོར་དཔལ་ས་སྐྱ་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་དང་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་ལྕམ་ Katy Gallaghe ལགས། དེ་བཞིན་ཨོ་གླིང་བོད་ཀྱི་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས། ཡེ་ཤུ་བླ་ཆེན་ཨར་ཅ་བི་ཤོབ་སོགས་ས་གནས་དཔོན་རིགས་ཁག་གཅིག་དང་ཆོས་ཚོགས་ཀྱི་ཚོགས་མི་དང་སྦྱིན་བདག དེ་བཞིན་ས་གནས་བོད་རིགས་བཅས་ཁྱོན་མི་གྲངས་སུམ་རྒྱ་ལྷག་མཉམ་ཞུགས་གནང་འདུག

མཛད་སྒོའི་ཐོག་དཔལ་ས་སྐྱ་ཁྲིན་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་གིས་བོད་བརྒྱུད་ནང་བསྟན་གྱིས་ད་བར་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་དེར་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གྱི་ཐོག་ནས་ཉམས་ལེན་བྱེད་བཞིན་ཡོད་པས་དེ་རིང་གི་གཙུག་ལག་ཁང་གསར་བཞེངས་དང་འབྲེལ་ཨོ་གླིང་གཞུང་གིས་ས་ཆའི་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུ་གནང་བ་མ་ཟད། དེས་ཨོ་གླིང་གཞུང་གིས་ཆོས་ལུགས་མཐུན་སྒྲིལ་དང་རིག་གཞུང་གཅེས་སྐྱོང་། དེ་བཞིན་ཕན་ཚུན་བསམ་ཤེས་སོགས་ཀྱི་ཐོག་ལག་བསྟར་བྱེད་བཞིན་པ་མཚོན་ཐུབ་ཀྱི་ཡོད་པ་སོགས་གསུངས་འདུག

ཕྱོགས་མཚུངས་ཨོ་གླིང་དཔལ་འབྱོར་བློན་ཆེན་ལྕམ་ Katy Gallaghe ལགས་ཀྱིས་གཙུག་ལག་ཁང་ལེགས་པར་བཞེངས་གྲུབ་པར་དགའ་བསུ་ཞུས་པ་དང་འབྲེལ། ང་ཚོ་ཚང་མས་ནང་པ་སངས་རྒྱས་པའི་ཞི་བདེ་དང་བྱམས་བརྩེའི་ལྟ་བ་ལ་ཡིད་མོས་དང་ལག་ལེན་བསྟར་བཞིན་ཡོད་པ་མ་ཟད། དེང་སྐབས་འཛམ་གླིང་ནང་རྙོག་འཛིང་འབྱུང་བཞིན་པའི་དུས་སྐབས་ཀྱི་ཁྲོད། ངོས་རང་མ་འོངས་ལས་དོན་བྱེད་པའི་སྐབས་གཙུག་ལག་ཁང་དེའི་ཁོར་ཡུག་དང་འབྲེལ་བྱམས་པ་དང་བརྩེ་བ་སོགས་འཁྱེར་ནས་འགྲོ་ཡི་ཡིན་ཞེས་གསུངས་འདུག

དེ་བཞིན་ཨོ་གླིང་དོན་གཅོད་ཀརྨ་པ་སེང་གེ་ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུངས་འཕྲིན་སྒྲོག་སྦྱང་གནང་བ་དང་འབྲེལ། ༸གོང་ས་མཆོག་གིས་འཛམ་གླིིང་གི་ཆོས་ལུགས་ཆེ་ཁག་ནང་ལྟ་བ་མི་འདྲ་བ་ཡོད་ཀྱང་ཚང་མས་བྱམས་པ་དང་བརྩེ་བ་ཉམས་ལེན་བྱེད་ཀྱི་ཡོད་པ་གཅིག་མཚུངས་ཡིན་པར་བརྟེན་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་ཡོང་རྒྱུ་ནི་ངོས་རང་གི་དམ་བཅའ་བཞི་ལས་གཅིག་ཡིན་པ་དང་། ཚང་མས་དེ་དོན་དགོངས་འཇགས་གནང་གལ་ཆེ་བ་ཡིན་པ་བཀའ་སྩལ་འདུག

གནད་དོན་དེ་འབྲེལ་འདི་ག་རླུང་འཕྲིན་ཁང་གིས་དཔལ་ས་སྐྱའི་ཞི་བདེ་གསུག་ལག་ཁང་གི་འགན་འཛིན་བླ་མ་ཆོས་གྲགས་རིན་པོ་ཆེ་མཆོག་དང་།  དེ་བཞིན་ཨོ་གླིང་བོད་ཀྱི་དོན་གཅོད་ཀརྨ་པ་སེང་གེ་ལགས་གཉིས་སུ་བཀའ་འདྲི་ཞུས་ཡོད།

གཞི་རྩའི་དཔལ་ས་སྐྱ་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཟླ་ ༣ ཚེས་ ༦ ནས་འགོ་འཛུགས་ཀྱིས་ཁྱོན་ཟླ་བ་གཉིས་ལྷག་གི་ཆོས་ཕྱོགས་ཀྱི་མཛད་འཕྲིན་བསྐྱང་རྒྱུ་ཡིན་པ་དང་ཚེས་ ༡༨ ཉིན་བླ་མ་ཆོས་གྲགས་རིན་པོ་ཆེའི་ཆོས་ཚོགས་སུ་ཆེད་ཕེབས་ཀྱིས་ཀྱེ་རྡོར་རྒྱུ་དབང་སོགས་གསུང་ཆོས་ཁག་གནང་ཡོད་པ་དང་ཚེས་ ༢༨ ཉིན་དཔལ་ས་སྐྱའི་ཞི་བདེ་གཙུག་ལག་ཁང་དབུ་འབྱེད་བཀའ་དྲིན་བསྐྱངས་གནང་མཛད་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།