བོད་ཀྱི་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པ་སླེབས་ལ་ཉེ་བ་དང་བསྟུན། ཐེ་ཝན་དང་སུད་སི་གཙོས་པའི་རྒྱལ་ཁབ་འདྲ་མིན་ནང་ཞི་བའི་གོམ་བགྲོད་དང་། རྔམ་སྟོན་ཁྲོམ་སྐོར་སོགས་ཀྱི་ལས་འགུལ་སྤེལ་དང་སྤེལ་མུས་མ་ཟད། ཅེག་སྤྱི་མཐུན་རྒྱལ་ཁབ་ནང་ཡུལ་དེའི་གྲོས་ཚོགས་འཐུས་མི་ཁག་གཅིག་གིས་དབུས་པའི་རྒྱབ་སྐྱོར་བ་རྣམས་ཀྱིས་རེ་འཛེགས་བརྒྱུད་བོད་མིར་གདུང་སེམས་མཉམ་བསྐྱེད་ཞུས་འདུག

དེའང་ཟླ་བ་འདིའི་ཚེས་ ༧ ཉིན། ཅེག་གྲོས་ཚོགས་གོང་མའི་འཐུས་མི་པེ་རེམ་སིལ་ར་བྷ་སི་ Přemysl Rabas ལགས་དང་། ཇི་རི་རུ་ཛི་ཀ་ Jiri Ruzicka ལགས་གཉིས་ཀྱིས་གཙོས་ཅེག་བོད་དོན་རྒྱབ་སྐྱོར་བ་ ༣༠ ལྷག་ནས་ Sněžka ཞེས་ཡུལ་དེའི་རི་བོ་མཐོ་ཤོས་སྟེང་འཛེགས་ཏེ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བརྒྱུད་བོད་མིར་གདུང་སེམས་མཉམ་སྐྱེད་མཚོན་པའི་ལས་འགུལ་སྤེལ་ཡོད་ཅིང་། ལས་འགུལ་ནང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བློན་གཞོན་པ་ཟུར་པ་སྐུ་ཞབས་མར་ཊིན་བྷུར་སིག་ Martin Bursik མཆོག་དང་། སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས། བྷོལ་ཊོན་ Blatno གྲོང་སྡེ་སྤྱི་ཁྱབ་པ་ཨི་ཝ་ཏ་རོ་བྷ་སོ་ཊ་ཧོ་ཕོ་ཝ་ Iveta Rabasová Houfová ལགས། ཅེག་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་ཅེཀ་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་ཀེ་ཊི་རི་ན་བྷུར་སིག་ཇེག་ Katerina Bursik ལགས། སུད་སི་དོན་ཁང་གི་མཉམ་འབྲེལ་རྒྱལ་ཚོགས་སུ་བོད་དོན་ཞུ་གཏུག་ལས་བྱེད་ཕུན་ཚོགས་སྟོབས་རྒྱལ་ལགས་བཅས་མཉམ་ཞུགས་གནང་འདུག

ལས་འགུལ་དེ་བཞིན་ཅེག་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་ Sněžka ཞེས་པར་རི་འཛེགས་ཀྱིས་ཕྱི་ལོ་ ༡༩༥༩ ལོར་བྱུང་བའི་བོད་མིའི་རང་དབང་སྒེར་ལངས་རྗེས་དྲན་སྲུང་བརྩི་ཞུས་པ་ཐེངས་ ༨ པ་ཆགས་ཀྱི་ཡོད་པ་དང་། ལས་འགུལ་འདིའི་བརྒྱུད་ཅེག་བོད་དོན་རྒྱབ་སྐྱོར་བ་ཚོས་བོད་མིའི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་འཐབ་རྩོད་ལ་རྒྱུན་མཐུད་རྒྱབ་སྐྱོར་ཡོད་པའི་རྣམ་པ་མཚོན་གྱི་ཡོད་པ་རེད་འདུག རིའི་འདབས་སུ་ཅེག་གྲོས་ཚོགས་གོང་མའི་འཐུས་མི་ར་བྷ་སི་ལགས་ཀྱིས་ལས་འགུལ་ཐོག་མཉམ་ཞུགས་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། དེ་སྔོན་ཕྱི་ལོ་ ༢༠༢༥ ཟླ་བ་ ༡༢ ནང་དྷ་རམ་ས་ལར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་ཝེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོར་ཅེག་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་དང་ལྷན་ཆེད་ཕེབས་གནང་བའི་སྐོར་གསུངས་གྲུབ་རྗེས། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བློན་གཞོན་པ་ཟུར་པ་སྐུ་ཞབས་མར་ཊིན་བྷུར་སིག་མཆོག་གིས་ལས་འགུལ་འདིའི་བརྒྱུད་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་རྣམས་གསལ་འདོན་ཐུབ་པའི་རེ་བ་ཡོད་ཅེས་གསུངས་བ་མ་ཟད། འཛམ་གླིང་ནང་མང་གཙོ་ལམ་ལུགས་ཡོད་ནའང་དཀའ་ངལ་མང་དག་ཅིག་འཕྲད་བཞིན་པ་དང་། འགྲོ་བ་མིའི་ཐོབ་ཐང་དང་བཙན་གནོན་འོག་ཡོད་པ་རྣམས་ལ་རྒྱབ་སྐྱོར་མུ་མཐུད་གནང་རྒྱུ་ཡིན་པ་གསུངས་འདུག

མ་ཟད་ཉིན་དེ་རང་ཐེ་ཝན་གྱི་རྒྱལ་ས་ཐའེ་པེ་ནང་ཐེ་ཝན་བོད་རིགས་ཚོགས་པའི་གོ་སྒྲིག་དང་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་གི་ལམ་སྟོན་འོག་གཞི་རྒྱ་ཆེ་བའི་རྔམ་སྟོན་ཁྲོམ་སྐོར་ཞིག་གོ་སྒྲིག་ཞུས་འདུག་པ་དང་། སྐབས་དེར་ཐེ་ཝན་གྱི་ས་གནས་གྲོས་ཚོགས་ཀྱི་ཚོགས་མི་གཉིས་དང་ཐེ་ཝན་རྒྱལ་ཡོངས་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན། དེ་བཞིན་རྒྱ་ནག་ནང་སྡུག་སྦྱོང་མནར་སྤྱོད་མྱོང་ཡོད་མཁན་གྲངས་ཉུང་མི་རིགས་ཁག་གཅིག དེ་བཞིན་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་དང་། བོད་དང་ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་དྲུང་ཆེ་བཀྲ་ཤིས་ཚེ་རིང་ལགས། བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ་དང་ས་གནས་མི་མང་། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་སོགས་མི་གྲངས་ ༣༠༠ ལྷག་མཉམ་ཞུགས་གནང་འདུག
བོད་དང་ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་གསར་འཛུགས་གནང་མཁན་དང་ཚོགས་པའི་དྲུང་ཆེ་བཀྲ་ཤིས་ཚེ་རིང་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་དོན་དུ། སྤྱིར་ཐེ་ཝན་ནང་རྒྱལ་ཁབ་གཞན་ལྟར་རྒྱ་ནག་གཞུང་ཚབ་ཁང་མེད་པ་སོང་ཙང་། གཞི་རྒྱ་ཆེ་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བའི་སྐབས་ལམ་ཟུར་ལ་ཡོད་པའི་རྒྱ་ནག་གི་དངུལ་ཁང་ཞིག་གི་མདུན་དུ་སྐད་འབོད་དང་ལས་འགུལ་དང་འབྲེལ་བའི་གཏམ་བཤད་ཀྱི་ལས་རིམ་ཞིག་གོ་སྒྲིག་གནང་འདུག་པ་དང་། སྐབས་དེར་གཏམ་བཤད་པ་རྣམས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་དང་སྦྲགས། སྔ་ལོར་ཟླ་ ༧ ཚེས་ ༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸སྐུའི་ཡང་སྲིད་དང་འབྲེལ་ནས་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བ་བཞིན་ཐེ་ཝན་ནས་ཀྱང་གསལ་བསྒྲགས་དེ་བཞིན་༸སྐུའི་ཡང་སྲིད་ཀྱི་ཐག་གཅོད་དེ་ཉིད་༸གོང་ས་མཆོག་གི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་ལ་ཡོད་པ་ལས་གཞན་སུས་ཀྱང་གནད་དོན་དེར་ཐེ་བྱུས་བྱས་ཚེ་ངོས་ལེན་མེད་ཅེས་གསལ་བསྒྲགས་གནང་ཡོད་སྐོར་སོགས་འགྲེལ་བརྗོད་གནང་སོང་།
མ་ཟད་ཁོང་གིས་ཐེ་ཝན་ནང་གཞོན་སྐྱེས་རྣམས་ཀྱིས་ཀྱང་བོད་དོན་ཐོག་ལ་དོ་སྣང་ཧ་ལས་པ་གནང་གི་ཡོད་སྐོར་དང་འབྲེལ། བོད་དོན་གྱི་ལས་འགུལ་ཐོག་ཐེ་ཝན་ནང་གི་གསར་ཁང་མང་པོ་ནས་ཀྱང་དོ་སྣང་ཡག་པོ་གནང་གི་འདུག་ཅེས་འགྲེལ་བརྗོད་གནང་སོང་བ་མ་ཟད། ཐེ་ཝན་དེ་བཞིན་རྒྱ་སྐད་བེད་སྤྱོད་བྱེད་མཁན་གྱི་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས། བོད་དོན་དང་འབྲེལ་བའི་ལས་འགུལ་གང་འདྲ་ཞིག་སྤེལ་ཡང་རྒྱ་ནག་གི་མི་མང་དཀྱུས་མ་ཚོ་ལའང་ཤུགས་རྐྱེན་ཐེབས་ཐུབ་ཀྱི་འདུག་ཅེས་འགྲེལ་བརྗོད་གནང་སོང་།

ཕྱོགས་མཚུངས་ཟླ་འདི་ཚེས་ ༥ ཉིན་སུད་སི་རྒྱལ་ས་བན་ནས་ཛུ་རིག་བར་བོད་ཀྱི་རང་དབང་དང་བདེན་པའི་འཐབ་རྩོད་ཆེད་དུ་ཉིན་གྲངས་བདུན་རིང་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་དབུ་འཛུགས་གནང་ཡོད་པ་ལྟར། དེ་རིང་ཉིན་དྲུག་པར་ལས་འགུལ་བ་རྣམས་སུད་སི་གྲོང་ཁྱེར་བྷ་དྷན་ནང་འབྱོར་ཡོད་ཅིང་། སང་ཉིན་སུམ་ཅུ་དུས་དྲན་དངོས་ཀྱི་ཉིན་སུད་སི་གྲོང་ཁྱེར་ཛུ་རིག་ཏུ་འབྱོར་ཏེ་གཞུང་འབྲེལ་མཛད་སྒོ་བརྒྱུད་ལས་འགུལ་མཇུག་བསྒྲིལ་གནང་གི་ཡོད་པ་རེད།
འདི་ག་རླུང་འཕྲིན་ཁང་གིས་ལས་འགུལ་སྣེ་ཁྲིད་གནང་མཁན་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་འབྲོང་པ་ཚང་ངེས་དོན་རྒྱ་མཚོ་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས། སང་ཉིན་གྱི་མཛད་སྒོ་སྐབས་གྲོང་ཁྱེར་གྱི་སྤྱི་ཁྱབ་དཔོན་པོ་ Mario Fehr ལགས་གདན་ཞུས་ལྟར་ཆེད་ཕེབས་གནང་གི་ཡོད་པ་མ་ཟད། སུད་སི་སྐུ་ཚབ་དོན་ཁང་གི་སྐུ་ཚབ། རི་དཀོན་དགོན་པའི་མཁན་པོ་དང་བླ་སྤྲུལ་རྣམ་པ། དེ་བཞིན་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ། ས་གནས་ཀྱི་མི་མང་དང་བོད་དོན་རྒྱབ་སྐྱོར་བ་སོགས་མཉམ་ཞུགས་གནང་རྒྱུ་ཡིན་པ་དང་འབྲེལ། གསར་འགོད་གསལ་བསྒྲགས། སུད་སི་གྲོས་ཚོགས་འཐུས་མིའི་གསུང་འཕྲིན་སོགས་སྒྲོག་སྦྱང་གནང་རྒྱུ་ཡིན་སྐོར་གསུང་བ་མ་ཟད། ཛུ་རིག་ནང་དུ་ཆུ་ཚོད་གཅིག་རིང་ཞི་བའི་གོམ་བགྲོད་གནང་རྒྱུ་ཡིན་སྐོར་སོགས་གསུངས་གནང་སོང་།
ཕྱོགས་མཚུངས་ད་ལན་གྱི་ཉིན་བདུན་གྱི་ཞི་བའི་གོམ་བགྲོད་ནང་མཉམ་ཞུགས་གནང་མཁན་མིག་དམར་ཚེ་རིང་ལགས་སུ་ལས་འགུལ་དེ་དང་འབྲེལ་ནས་རང་ཉིད་ཀྱི་ཚོར་བ་དང་ཉམས་མྱོང་ཇི་བྱུང་སོགས་ཀྱི་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། ད་ལན་གྱི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་དེ་ནི་གནད་འགག་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་མ་ཟད། བཙན་བྱོལ་དུ་བཞུགས་པའི་བོད་མི་རྣམས་ནི་བོད་ནང་གི་བོད་མི་རྣམས་ཀྱི་སྐུའི་སྐུ་ཚབ་དང་གསུང་གི་གསུང་ཚབ་ཡིན་པའི་ཆ་ནས་ང་ཚོས་བོད་དོན་ལས་འགུལ་གང་མང་སྤེལ་དགོས་པ་དང་། བོད་ནང་གི་བོད་མི་ཚོའི་དངོས་ཡོད་ཀྱི་གནས་སྟངས་སོགས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་དྲིལ་བསྒྲགས་དང་གླེང་དགོས་རྒྱུ་ནི་གལ་ཆེ་ཞིག་ཆགས་ཀྱི་ཡོད་པར་མཐོང་སྟེ། དེ་འདྲ་བའི་ལས་འགུལ་ནང་མཉམ་ཞུགས་གནང་དགོས་གལ་ཆེ་བ་མཐོང་ཞེས་གསུངས་སོང་།



