བོད་རྒྱའི་དཀའ་རྙོག་སེལ་ཐབས་མ་བྱས་ཚེ་མ་འོངས་པར་ཛ་དྲག་གནས་ཚུལ་ཇི་བྱུང་གི་འགན་ཁུར་ཆ་ཚང་རྒྱ་གཞུང་ལ་ཡོད་པའི་བརྡ་ལན།

Tibetan News Headlines

  • Art & Culture: In Conversation with Tibetan Actor, Musician and Producer Tsering Dorjee Bawa

ཪེས་གཟའ་ཉི་མ། ༢༠༢༦།༡༡།༠༨

  • སྒྱུ་རྩལ་བ་ཚེ་རིང་འབའ་བ་ལགས་དང་གླེང་མོལ།

དེ་རིང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ལས་ཉིན་མཐའ་མར་བོད་མི་མང་སྤྱི་འཐུས་རྣམ་པས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཐོག་བགྲོ་གླེང་ལྷུང་པོ་གནང་སྟེ་རྒྱ་གཞུང་གིས་གཡས་ཁག་གཡོན་དཀྲིས་ཀྱིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་མ་བྱས་ཚེ་མ་འོངས་པར་ཛ་དྲག་གནས་ཚུལ་ཇི་བྱུང་གི་འགན་ཁུར་ཆ་ཚང་རྒྱ་གཞུང་ལ་ཡོད་པར་ནན་བརྗོད་བྱ་རྒྱུ་སོགས་ཀྱི་གྲོས་ཆོད་གྲོས་འཆར་དོན་ཚན་བདུན་ཅན་ཞིག་སྤྱི་མོས་ཀྱིས་གཏན་འབེབས་གནང་སོང་།

དེ་ཡང་དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་མཐའ་མའི་ཚོགས་དུས་ ༤ པར་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ནས་བོད་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་སྙན་སྒྲོན་གྱིས་དེའི་ཐོག་བགྲོ་གླེང་གནང་རྗེས། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་བསྟན་ཆབ་སྲིད་མི་རིགས་ཆེད་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་སྙིང་སྟོབས་ལ་ཡི་རངས་དང་། ཤུལ་ལུས་ནང་མི་ཉེ་འབྲེལ་གཙོས་བཙན་གནོན་འོག་མྱོང་བཞིན་པའི་གཞིས་ལུས་བོད་མི་ཡོངས་ལ་གདུང་སེམས་མཉམ་བསྐྱེད། དེ་བཞིན་ལོ་རྒྱུས་ཀྱི་གནས་བབ་ཐོག་ནས་བོད་རྒྱ་ནག་གི་ཆ་ཤས་ནམ་ཡང་མིན་པར་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་དང་ད་ལྟའི་བོད་རྒྱའི་དཀའ་རྙོག་སེལ་ཆེད་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་གྲོས་མོལ་བྱ་རྒྱུའི་གྲ་སྒྲིག་ཡོད་པ་ལྟར་རྒྱ་ཕྱོགས་ནས་གཡས་ཁག་གཡོན་དཀྲིས་ཀྱིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་མ་བྱས་ཚེ་མ་འོངས་པར་ཛ་དྲག་གནས་ཚུལ་ཇི་བྱུང་གི་འགན་ཁུར་ཆ་ཚང་རྒྱ་གཞུང་ལ་ཡོད་པར་ནན་བརྗོད་བྱ་རྒྱུ་མ་ཟད། རྒྱ་གར་གཞུང་མང་གཉིས་ནས་བཙན་བྱོལ་བོད་མིར་གཞལ་དུ་མེད་པའི་བཀའ་དྲིན་བསྐྱངས་པར་ཐུགས་རྗེ་ཆེ་ཞུས་དང་ལྷག་དོན་ཨ་རི་གཞུང་དང་གྲོས་ཚོགས་ཀྱིས་གཙོས་རྒྱལ་སྤྱིའི་གཞུང་ཁག་དང་གྲོས་ཚོགས། གཞུང་འབྲེལ་མིན་པའི་ཚོགས་སྡེ་སྒྲིག་འཛུགས་དང་གནད་ཡོད་མི་སྣ་དང་མི་སྒེར་བཅས་ལ་བོད་ཀྱི་གནས་སྟངས་ཛ་དྲག་ཏུ་གྱུར་པའི་སྐབས་འདིར་བོད་ཀྱི་བདེན་པའི་འཐབ་རྩོད་ལ་རོགས་རམ་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་སོགས་ཁྱོན་དོན་ཚན་བདུན་སྤྱི་མོས་ཐོག་གཏན་འབེབས་གནང་སོང་།

17th TPiE session 8 day 8

བགྲོ་གླེང་ཁྲོད་སྤྱི་འཐུས་རྣམ་པས་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ལ་ཚད་མཐོའི་རྒྱབ་སྐྱོར་གྱིས་རྒྱ་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་པོའི་སྲིད་བྱུས་ཁག་ཐེར་འདོན་གྱིས་རྒྱ་གཞུང་གི་བྱེད་བབ་ལ་སྐྱོན་བརྗོད་ནན་པོ་དང་སྦྲགས། རྒྱ་གཞུང་གི་ཆེས་གདུག་རྩུབ་ཅན་གྱི་སྲིད་བྱུས་ཀྱི་བཙན་གནོན་འོག་ཉིན་མཚན་འཁྱོལ་དཀའ་བའི་སྡུག་སྦྱོང་མནར་གཅོད་མྱངས་དང་མྱོང་བཞིན་པའི་གཞིས་ལུས་བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུས་སོང་།

17th TPiE session 8 day 8

མ་ཟད་སྤྱི་འཐུས་ཁག་ཅིག་གིས་བགྲོ་གླེང་ཁྲོད་རྒྱ་གཞུང་གིས་བོད་ནང་བཅའ་སྡོད་སློབ་གྲྭ་སྔར་ལས་མང་བ་ཆེད་འཛུགས་དང་སྒོས་བོད་པའི་སྒེར་གཉེར་སློབ་གྲྭ་ཁག་བཙན་གྱིས་སྒོ་རྒྱག་བཅུག་བཞིན་པའི་ཛ་དྲག་གི་དུས་སྐབས་འདིར་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་ལས་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཞུས་པ་དང་ཆབས་ཅིག གོ་སྐབས་དམ་འཛིན་ཐོག་བཙན་བྱོལ་བོད་མི་རྣམས་ནས་སློབ་གྲྭ་དེ་ཉིད་ཀྱི་སྤྱན་ལྟར་གནང་སྟེ་བོད་སྐད་ཡིག་སྲུང་སྐྱོབ་ཐོག་སྔར་ལྷག་ཤུགས་གནོན་བསྐྱོན་དགོས་པ་མ་ཟད། བཙན་བྱོལ་ནང་༸གོང་ས་མཆོག་གིས་བོད་པའི་སློབ་གྲྭ་ཟུར་འཛུགས་གནང་པའི་རླབས་ཆེན་གྱི་དགོངས་བཞེས་དག་ལ་རྗེས་སུ་ཡིད་རངས་ཀྱིས་བསྐྱར་དྲན་གནང་ཐོག་རང་ཉིད་ཀྱི་བུ་ཕྲུག་ལ་ངེས་པར་བོད་མི་རིགས་ཀྱི་སྐད་ཡིག་སློབ་དགོས་སྐོར་བཅས་གསུངས་སོང་།

17th TPiE session 8 day 8

ཡང་སྤྱི་འཐུས་གཅིག་གིས་དབུ་མ་དང་རང་བཙན་སྐོར་གསུངས་པ་དང་འབྲེལ་ད་ལྟའི་དུས་སུ་རང་བཙན་འཐབ་རྩོད་ཞུས་པའི་སྐབས་རང་བཙན་ལ་རིན་ཐང་མ་ཕུལ་བའི་གནས་སྟངས་ཤིག་མངོན་གྱི་ཡོད་པ་གསུངས་མཁན་བྱུང་སོང་།

དེ་བཞིན་སྤྱི་འཐུས་ཁག་གཅིག་གིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ཁྲོད་གཞིས་བཞུགས་བོད་མི་ཚོས་གཞིས་བྱེས་མཉམ་འཛོམས་མ་ཡོང་བར་དུ་ཆོས་སེམས་བརྟན་པོས་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་ཡུལ་སྲོལ་གོམ་གཤིས་བཅས་པ་བདག་གཅེས་ཀྱིས། བོད་ནང་གི་བོད་མི་སྣེ་ཁྲིད་ཐུབ་པའི་ཐོག་ནས་དམིགས་དཔེ་བཟང་པོ་ཞིག་བསྐྲུན་དགོས་པ་གསུངས་ཡོད།

17th TPiE session 8 day 8

རྩ་བའི་དེ་རིང་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་ཉིན་མཐའ་མར་གཞན་ཡང་རང་དབང་ཅན་གྱི་འགན་འཛིན་དང་ཚོགས་མི་འོས་འདེམས། ཁྲིམས་བཟོའི་ལས་དོན་དང་བཀའ་ཤག་གི་གསལ་བཤད་བཅས་ཀྱི་ཐོག་སྤྱི་འཐུས་རྣམ་པའི་བགྲོ་གླེང་བཅས་ཡོད་པ་རེད།

གཞན་ཡང་དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་མཐའ་མའི་ཐོག་ཨ་རིའི་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གཏན་འབེབས་གནང་བའི་བརྒྱུད་རིམ་ཁྲོད་མཉམ་རུབ་གནང་མཁན་ཡོངས་ལ་གཞུང་འབྲེལ་ཐུགས་རྗེ་ཆེ་ཞུའི་གྲོས་ཆོད་གྲོས་འཆར་ཞིག་གྲོས་ཚོགས་ནས་སྤྱི་མོས་ཐོག་གཏན་འབེབས་གནང་བ་མ་ཟད།  ཡུན་རིང་ནས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཨའོསི་ཊརེ་ལི་ཡའི་གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་ Janet Rice མཆོག་གིས་དུས་དང་རྣམ་པ་ཀུན་ཏུ་བོད་དོན་ལ་ཞལ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་ཤུགས་ཆེ་གནང་བར་བཀའ་དྲིན་སྙིང་བཅངས་ཀྱི་ཐོག་ནས་དོན་ཚན་གསུམ་ཅན་འཁོད་པའི་གཞུང་འབྲེལ་ཐུགས་རྗེ་ཆེ་ཞུའི་གྲོས་ཆོད་ལའང་སྤྱི་མོས་ཐོག་གཏན་འབེབས་གནང་སོང་།

Janet Rice གཡོན་ནས་བཞི་པ། (པར་དབང་། Australia Tibet Council)

འབྲེལ་ཡོད་གསར་གནས།

གསར་གནས།