ཆེས་མཐོའི་ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ཚད་མཐོའི་མང་མོས་ཀྱི་ཐོག་ནས་གཏན་འབེབས་བྱུང་སོང་།

Tibetan News Headlines

  • Art & Culture: In Conversation with Tibetan Actor, Musician and Producer Tsering Dorjee Bawa

ཪེས་གཟའ་ཉི་མ། ༢༠༢༦།༡༡།༠༨

  • སྒྱུ་རྩལ་བ་ཚེ་རིང་འབའ་བ་ལགས་དང་གླེང་མོལ།

དེ་རིང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༨ པའི་ལས་ཉིན་མཐའ་མའི་ཐོག་སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ལས་བརྒལ་ཏེ་སྤྱི་འཐུས་ཁྱོན་ ༣༥ ཡིས་ཚད་མཐོའི་རྒྱབ་སྐྱོར་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་འོས་ཆོས་དང་དེ་བཞིན་ཁྲིམས་ཞིབ་པ་རྣམ་པའི་ལས་རྒྱུན་དང་འབྲེལ་བའི་བསྐྱར་བཅོས་ཁྲིམས་འཆར་གཏན་འབེབས་གནང་ཐུབ་པ་བྱུང་སོང་།

དེ་ཡང་ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་ལྷན་ཁང་ཁག་གི་ལས་བསྡོམས་སྙན་སྒྲོན་དང་དེའི་ཐོག་བགྲོ་གླེང་གི་ལས་རིམ་ཡོངས་སུ་མཇུག་སྒྲིལ་གནང་རྗེས་ཉིན་རྒྱབ་ཏུ་ཁྲིམས་བཟོའི་ལས་དོན་ཁྲོད། བཀའ་ཤག་ངོས་ནས་གྲོས་ཚོགས་སུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཁྲིམས་འཆར་ཡིག་ཆ་ཨང་ ༣༡ སྟེ་སྤྱི་འཐུས་ཀྱི་གྲུབ་ཆའི་ནང་ཇོ་ནང་སྤྱི་འཐུས་ཁ་སྣོན་དང་། དེ་བཞིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་འོས་ཆོས་ཐད་བསྐྱར་བཅོས་ཁྲིམས་འཆར་བསྣམས་ཕེབས་པ་དང་། དེའི་བརྗོད་པ་དང་པོའི་ལས་རིམ་ཐོག་ཕེབས་ཡོད། དེ་རིང་ཡིག་ཆ་ཨང་ ༣༡ གྱི་བརྗོད་པ་གཉིས་པའི་ཐོག་མ་ཕེབས་གོང་། སྤྱི་འཐུས་རྒྱུན་ལས་ནས་ཡིག་ཆ་ཨང་ ༤༡ སྟེ་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་ཞིབ་པའི་ལས་རྒྱུན་དང་འབྲེལ་བའི་ཁྲིམས་སྒྲིག་བསྐྱར་བཅོས་གཞན་གཅིག་བསྣམས་ཕེབས་པ་ལྟར། སྤྱི་འཐུས་ཁག་གཅིག་གི་འབོད་སྐུལ་དང་ཚོགས་གཙོའི་ཐག་གཅོད་ཀྱི་ཐོག་ནས་ཁ་སའི་ཁྲིམས་སྒྲིག་བསྐྱར་བཅོས་ཡིག་ཆ་ཨང་ ༣༡ གི་དོན་ཚན་གཉིས་པ་ནང་གསལ་ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་བསྐྱར་བཅོས་ཁྲིམས་འཆར་དང་དེ་རིང་སྤྱི་འཐུས་རྒྱུན་ལས་ཀྱི་བསྣམས་ཕེབས་པའི་ཡིག་ཆ་ཨང་ ༤༡ གཉིས་ཀ་མཉམ་དུ་གཏན་འབེབས་ཀྱི་ལམ་ཐོག་ཕེབས་ཏེ། བགྲོ་གླེང་ལྷུག་པོའི་ཁྲོད་མཐར་སྤྱི་འཐུས་ ༣༥ ཡི་ཚད་མཐོའི་རྒྱབ་སྐྱོར་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་འོས་ཆོས་དང་ཁོང་རྣམ་པའི་ལས་རྒྱུན་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་གཉིས་ཀ་གཏན་འབེབས་གནང་ཐུབ་པ་བྱུང་སོང་།

17th TPiE session 8 day 8

སྤྱིར་བཙན་བྱོལ་བོད་མའི་བཅའ་ཁྲིམས་དོན་ཚན་ ༦༣ པ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་དོན་ཚན་༢ པ་ག་པའི་ཚིག་བརྗོད་རྙིང་པའི་ནང་། ཁྲིམས་ཁང་ཞིག་ནང་ལོ་ལྔའི་རིང་མུ་མཐུད་ཁྲིམས་དཔོན་གྱི་ལས་འཁུར་བྱས་མྱོང་བའམ། ཡང་ན་ཉུང་མཐར་ལོ་བཅུའི་རིང་ཁྲིམས་རྩོད་མཁས་པའི་གྲས་སུ་ཚུད་པ་བཅས་ལ་མ་གཏོགས་འོས་བབ་ཡོད་པ་མ་ཡིན། འོན་ཀྱང་བཅའ་ཁྲིམས་འདི་ཉིད་ལག་ལེན་འགོ་འཛུགས་བྱས་པ་ནས་བཟུང་ལོ་སུམ་ཅུའི་རིང་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་བཅས་བསྐོ་གཞག་དགོས་རིགས་ནང་གསེས་འདིའི་ཆ་རྐྱེན་ཁག་ལ་བསྟུན་གནང་མི་དགོས་ཅེས་འཁོད་པ་དེ་ལྟར་ཡང་། ད་རེས་གྲོས་ཚོགས་སུ་ཕེབས་པའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཚིག་བརྗོད་གསར་པའི་ནང་། ལོ་སུམ་ཅུའི་དུས་བཀག་དེ་སྤར་ཆ་གནང་སྟེ་ལོ་ ༤༠ བཟོས་གནང་ཡོད་པ་རེད།

ཕྱོགས་མཚུངས་དེ་རིང་སྤྱི་འཐུས་རྒྱུན་ལས་ཀྱིས་བསྣམས་ཕེབས་པའི་ཡིག་ཆ་ཨང་ ༤༡ པའི་བསྐྱར་བཅོས་ཁྲིམས་འཆར་ནང་དུ། བཅའ་ཁྲིམས་དོན་ཚན་ ༦༣ པ་ད་གའི་དོན་ཚན་ ༤ པའི་ནང་དུ། ཁྲིམས་ཞིབ་པ་གཞན་གཉིས་ཀྱི་རང་ལོ་ ༦༥ ཧྲིལ་པོ་མ་ལོན་བར་ལས་ཁུར་རྒྱུན་འཛིན་བྱ་རྒྱུ་ཞེས་པ་དེར་བསྒྱུར་བ་བཏང་སྟེ། ཁྲིམས་ཞིབ་པ་གཞན་གཉིས་ལས་རྒྱུན་ལོ་ ༥ འམ་རང་ལོ་ ༦༥ ཧྲིལ་པོ་ལོན་པ་གང་སྔའི་བར་ལས་ཁུར་རྒྱུན་འཛིན་བྱ་རྒྱུ། འོན་ཀྱང་རང་ལོ་ ༦༥ ཧྲིལ་པོ་མ་བརྒལ་བར་ཁྲིམས་ཞིབ་པ་ཆེ་བར་འོས་འདེམས་བྱུང་ན་དགག་བྱ་མེད་ཅེས་བསྒྱུར་བ་བཏང་བ་མ་ཟད། ཟུར་བརྗོད་ནང་དུ་ཁྲིམས་སྒྲིག་དེ་བཞིན་ཁྲིམས་ཞིབ་པ་རྣམས་པ་དམ་བཅའ་ཕུལ་ཉིན་ནས་རྩ་འཛིན་ལག་བསྟར་བྱ་རྒྱུ་ཞེས་བཅོས་བསྒྱུར་བཏང་ཡོད་པ་དང་། ཐེངས་འདིའི་བཅའ་ཁྲིམས་བསྐྱར་བཅོས་དེའི་ཐོག་ནས་ད་ཡོད་ཆེས་མཐོའི་ཁྲིམས་ཞིབ་པ་བསྟན་འཛིན་ལུང་རྟོགས་མཆོག་གི་ལོ་ལྡའི་ལས་རྒྱུན་ལོ་རྗེས་མའི་ཕྱི་ཟླ་དང་པོའི་ནང་ཚང་གི་ཡོད་པ་རེད།

17th TPiE session 8 day 8

དེ་རིང་ཆོས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་དང་འབྲེལ་བའི་ཁྲིམས་སྒྲིག་བསྐྱར་བཅོས་ཀྱི་བགྲོ་གླེང་ཁྲོད། སྤྱི་འཐུས་རྒྱུན་ལས་ནས་ད་རེས་གྲོས་འཆར་བསྣམས་ཕེབས་པ་དེའང་ཡུན་རིང་ནས་གནས་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་རྙོག་གླེང་དེ་ངེས་པར་དུ་བསང་ཐུབ་པའི་ལམ་ཁ་ཞིག་གི་ཐོག་བསྐྱོད་ཐུབ་རྒྱུ་དང་འབྲེལ་ནས་ཕྱི་རྒྱལ་སྤྱི་འཐུས་ལྔ་པོའི་སྐུལ་འདེབས་ཐོག་བསྣམས་ཕེབས་པ་ཞིག་ཡིན་སྐོར་གསུངས་པ་དང་འབྲེལ། སྤྱི་འཐུས་མང་དག་ཞིག་གི་ཕྱི་རྒྱལ་སྤྱི་འཐུས་རྣམ་པའི་གནང་ཕྱོགས་དང་སྤྱི་འཐུས་རྒྱུན་ལས་ནས་ཁྲིམས་སྒྲིག་བསྐྱར་བཅོས་བསྣམས་ཕེབས་པར་ལེགས་བསྐྱེད་བསྔགས་བརྗོད་དང་འབྲེལ། ཆེས་མཐོའི་ཁྲིམས་ཞིབ་ཁང་དང་འབྲེལ་བའི་ཁྲིམས་སྒྲིག་བསྐྱར་བཅོས་གཉིས་ཀ་མཉམ་དུ་གཏན་འབེབས་ཀྱི་ལམ་ཐོག་བསྐྱོད་རྒྱུའི་འབོད་སྐུལ་ཞུས་མཁན་བྱུང་བ་བཞིན། དེ་ལྟར་ལག་ལེན་ཐོག་ཕེབས་གནང་ཡོད།

རྩ་བའི་སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་རིམ་པའི་ཐོག སྤྱི་འཐུས་རྒྱུན་ལས་དང་བཀའ་ཤག་གཉིས་ཀའི་ཐོག་ནས་ཆེས་མཐོའི་ཁྲིམས་ཞིབ་པ་རྣམ་པའི་འོས་ཆོས་དང་འབྲེལ་ད་རེས་གཙོས་བསྐྱར་བཅོས་ཁྲིམས་འཆར་ཐེངས་ ༦ བསྣམས་ཕེབས་པ་ཞིག་ཆགས་ཀྱི་ཡོད་པ་རེད།

17th TPiE session 8 day 8

དེའི་ཁྲོད་བཙན་བྱོལ་བོད་མི་མང་ཚོགས་ཁྲོད་འདས་པའི་ལོ་ཤས་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་བསྐོ་གཞག་མ་ཐུབ་པར་བརྟེན་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་པ་ནུས་མེད་དུ་འགྱུར་ནས་དམངས་གཙོའི་ཆ་ལག་མི་ཚང་བར་འགྱུར་ཉེན་ཡོད་པའི་སེམས་འཚབ་དང་འབྲེལ། སྔ་ལོའི་ཕྱི་ཟླ་ ༩ པ་དང་ད་རེས་བཅས་གཞི་རིམ་མི་མང་རེ་འབོད་ཚོགས་པ་ཞེས་པའི་འོག་བཙན་བྱོལ་བོད་མིི་གནས་སྡོད་ས་གནས་གང་ས་ནས་དང་བླངས་ཞུ་གཏུགས་པ་བརྒྱ་ཕྲག་ཁ་ཤས་བཞུགས་སྒར་རྡ་རམ་ས་ལར་སླེབས་ཏེ་ཞུ་སྐུལ་གྱི་ལས་འགུལ་སྤེལ་བཞིན་པ་མ་ཟད། ཞུ་གཏུགས་ལས་འགུལ་བ་ཁག་གཅིག་ངོ་རྒོལ་གནང་སའི་སི་སྤོལ་ཐང་ཆེན་ནས་ཤོར་ཏེ་གྲོས་ཚོགས་ཉེ་འགྲམ་དུ་སླེབས་ནས་ངོ་རྒོལ་དང་སྤྱི་འཐུས་ཁག་གཅིག་ལ་སྐྱོན་བརྗོད་བྱས་པའི་རྐྱེན་ཐེངས་འདིའི་གྲོས་ཚོགས་ཚོགས་དུས་ཀྱི་ལས་ཉིན་གཅིག་དང་ཕྱེད་ཀ་ཚོགས་མ་ཐུབ་པའི་གནས་སྟངས་ཆགས་ཡོད།

དེ་འབྲེལ་དེ་རིང་གི་གྲོས་ཚོགས་ནང་དུ་བསྐྱར་བཅོས་ཁྲིམས་འཆར་གཏན་འབེབས་ཀྱི་བགྲོ་གླེང་ཁྲོད། སྤྱི་འཐུས་ཁག་གཅིག་ནས་ད་རེས་ཁོང་རྣམས་ནས་བསྐྱར་བཅོས་ཁྲིམས་འཆར་གཉིས་ཀར་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་དང་། དེའང་མི་མང་ལས་འགུལ་བའི་གནོན་ཤུགས་དང་འཇིག་སྐུལ་གྱི་འོག་ནས་མ་ཡིན་པར། རང་རང་སོ་སོའི་སྤྱི་འཐུས་ཀྱི་ཁྲིམས་བཟོའི་ལས་དོན་གྱི་འགན་ཡོད་པའི་ཐོག་ནས་གནང་གི་ཡོད་པ་གསལ་བཤད་གནང་མཁན་བྱུང་སོང་།

17th TPiE session 8 day 8

གང་ལྟར་དེ་རིང་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་ཉིན་མཐའ་མ་དེའི་ཐོག་ནས་ཆེས་མཐོའི་ཁྲིམས་ཞིབ་པ་རྣམ་པ་བསྐོ་གཞག་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ཚད་མཐོའི་མང་མོས་ཐོག་ནས་གཏན་འབེབས་བྱུང་མ་ཐག གངས་སྐྱིད་སི་སྤོལ་ཐང་ཆེན་དུ་ལས་འགུལ་སྤེལ་མཁན་བོད་མི་རྣམས་ཀྱི་ཁྲོད་དགའ་སྤྲོའི་རྣམ་པ་ཤུགས་ཆེ་མངོན་རྒྱུ་མ་ཟད། གནས་ཚུལ་དེ་ཐོན་ཕྲལ་བོད་ཀྱི་སྲོལ་རྒྱུན་སྒོར་གཞས་སོགས་ལ་རོལ་ཏེ་ལས་འགུལ་རེ་ཞིག་མཇུག་བསྒྲིལ་གནང་ཡོད་ལ་སྤྱི་འཐུས་རྣམས་ནས་ཀྱང་བསྐྱར་བཅོས་ཁྲིམས་འཆར་གཏན་འབེབས་ཐུབ་པ་དེ་ནི་མང་གཙོའི་རྒྱལ་ཁ་ཡིན་པ་འགྲེལ་བརྗོད་གནང་མཁན་བྱུང་སོང་།

རྩ་བའི་དེ་རིང་གྲོས་ཚོགས་ཀྱི་བཀའ་ཤག་ནས་ཆོས་ཚོགས་སྐབས་ ༡༢ པའི་གྲོས་ཆོད་ནང་གསལ་སྤྱི་འཐུས་ཀྱི་གྲུབ་ཆའི་ནང་ཇོ་ནང་ཁ་སྣོན་གྱིས་ཁྲིམས་སྒྲིག་བསྐྱར་བཅོས་བསྣམས་ཕེབས་པ་དེའི་བརྗོད་པ་གཉིས་པའི་ཐོག་ཕེབས་པའི་རྗེས་སུ། སྤྱི་འཐུས་ནང་ཁུལ་བགྲོ་གླེང་ཁྲོད་ཁག་གཅིག་གིས་དེ་ནི་མང་ཚོགས་ཀྱི་མངོན་འདོད་ཡིན་པ་ལྟར་རྒྱབ་སྐྱོར་དང་། ཁག་གཅིག་གིས་ད་སྐབས་སྤྱི་ཚོགས་ཁྲོད་སྤྱི་འཐུས་དགོས་མེད་པའི་དགོངས་ཚུལ་ཡོད་པའི་ཁྲོད་སྤྱི་འཐུས་ཁ་སྣོན་གནང་རྒྱུར་འགག་ཡོད་པ་སོགས་གསུངས་ཏེ་མཐའ་མར་གསང་བའི་འོས་བསྡུ་གནང་རྗེས་ ༢༡ ལས་རྒྱབ་སྐྱོར་གནང་མཁན་མ་བྱུང་བ་བཅས་ངོ་ཡོད་སྤྱི་འཐུས་ཀྱི་རྩ་འབོར་གསུམ་ཆ་གཉིས་ཀྱི་རྒྱབ་སྐྱོར་མེད་པའི་ཐོག་ནས་ཟགས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།