Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་གིས་ཕྱིའི་གསར་འགོད་པ་གདན་ཞུས་བྱས་པ་དེ་ནི་འཁྱོགས་བཤད་དྲིལ་བསྒྲགས་བྱ་རྒྱུའི་ཆེད་ཡིན་པ་གསུངས་འདུག

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

རྒྱ་གཞུང་གིས་ཕྱི་རྒྱལ་གྱི་ཆབ་སྲིད་གནད་ཡོད་མི་སྣ་དང་རྒྱལ་སྤྱིའི་གསར་འགོད་པ་རྣམས་བོད་དང་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་ཏུ་གདན་ཞུས་བྱས་པ་དེ་ནི་དོན་དངོས་ཐོག་རྒྱལ་སྤྱིའི་ཁྲོད་རྒྱ་གཞུང་གི་འཁྱོགས་བཤད་དྲིལ་བསྒྲགས་བྱ་རྒྱུའི་ཆེད་ཡིན་སྟབས། མང་ཚོགས་ནས་དེར་ཆེས་དོགས་ཟོན་ངང་དཔྱད་ཞིབ་གནང་དགོས་པ་གསུངས་འདུག

དེ་ཡང་ Aljazeera གསར་ཁང་གིས་ཟླ་བ་འདིའི་ཕྱི་ཚེས་ ༢ ཉིན་འདོན་སྤེལ་གནང་བའི་དཔྱད་བརྗོད་ཞིག་གི་ནང་། དེ་སྔ་ཕྱི་ལོ་ ༢༠༡༩ ལོར་ཤིན་ཅང་ཁུལ་དུ་དངོས་སུ་ཕེབས་མྱོང་མཁན་དང་ཡུ་གུར་བའི་གནད་དོན་ཐད་ཞིབ་འཇུག་གནང་མཁན་གྱི་ཕྱིའི་གསར་འགོད་པ་སྐུ་ཞབས་ Olsi Jazexhi ལགས་དང་ཁེ་ན་ཌར་གནས་ཞུགས་ཡུ་གུར་མི་རིགས་ཀྱི་ཐོབ་ཐང་རྩོད་ལེན་པ་  Rukiye Turdish ལགས་རྣམ་གཉིས་ལ་དམིགས་བསལ་བཅར་འདྲི་གནང་བའི་ཁྲོད། རྒྱ་ནག་གཞུང་གིས་ཁུལ་དེའི་ཡུ་གུར་མི་རིགས་གཙོ་བོར་གྱུར་པའི་ཁ་ཆེའི་གྲངས་ཉུང་མི་རིགས་ཐོག་མི་སྤྱོད་ལས་འདས་པའི་དྲག་གནོན་བྱས་ཏེ་མི་རིགས་སྡེབ་གསོད་གཏོང་བཞིན་པའི་སྐོར་ཞིབ་ཕྲ་ངོ་སྤྲོད་དང་འབྲེལ། ཁོང་རྣམས་འཛིན་བཟུང་བཀག་བསྐྱིལ་གྱིས་རྒྱ་ནག་གི་བཟོ་གྲྭ་ཁག་ཏུ་འདོད་པ་མེད་བཞིན་དུ་ངལ་རྩོལ་གྱི་ལས་རིགས་འདྲ་མིན་ནང་ལས་དོན་གཉེར་འཇུག་གི་ཡོད་པའི་གནད་དོན་རྣམས་ཐེར་འདོན་གནང་འདུག

གནད་དོན་དེ་དང་འབྲེལ་སྐུ་ཞབས་ Olsi Jazexhi ལགས་ཀྱིས་ཕྱི་ལོ་ ༢༠༡༨ ལོར་རྒྱ་གཞུང་གིས་ཕྱིའི་གསར་འགོད་པ་རྣམས་བོད་དང་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་ཏུ་གདན་ཞུ་བྱ་རྒྱུ་ཡིན་ཚུལ་བསྒྲགས་ཡོད་པ་ལྟར། ཁོང་ཕྱི་ལོ་ ༢༠༡༩ ལོའི་ཕྱི་ཟླ་ ༨ པའི་ནང་དངོས་སུ་ཤིན་ཅང་ཁུལ་དུ་ཕེབས་རྒྱུའི་གོ་སྐབས་བྱུང་ཡོད་པ་དང་། སྐབས་དེར་ཤིན་ཅང་ནང་སྐོར་བསྐྱོད་ཁྲིད་མཁན་གྱི་རྒྱ་རིགས་ལས་བྱེད་ཚོས་རྒྱལ་སྤྱིའི་ཁྲོད་རྒྱ་ནག་གིས་ཤིན་ཅང་ནང་ངལ་རྩོལ་གྱི་ལས་གཞི་སྤེལ་གྱི་ཡོད་པའི་གནད་དོན་དེ་རྫུན་གཏམ་ཞིག་དང་། ནུབ་ཕྱོགས་ཀྱི་བཀག་ཉར་ཁང་ཟེར་བ་དེ་ལག་ཤེས་སྦྱོང་བརྡར་གྱི་ལྟེ་གནས་ཤིག་ལས་གཞན་གང་ཡང་མིན་པ་སོགས་འགྲེལ་ལོག་བྱས་ཡོད་སྐོར་ལུང་འདྲེན་དང་འབྲེལ། ཁོང་གིས་ད་དུང་ཡུ་གུར་གྱི་རྒྱལ་ས་ Urumchi དང་། ཧོ་ཁྲོན་ Hotan གཉིས་ཀྱི་ངལ་རྩོལ་རྭ་བའི་ནང་ཡོད་པའི་ཡུ་གུར་བ་འགའ་ལ་བཅར་འདྲི་ཞུས་སྐབས་ཁོང་རྣམས་རྒྱ་རིགས་ལས་བྱེད་ཚོས་བཤད་པ་ལྟར་འཇིགས་སྐུལ་བ་མིན་པར་ཤེས་རྟོགས་གསལ་པོ་བྱུང་ཞེས་དང་། ཁོང་རྣམས་ཀྱིས་ཁ་ཆེའི་ཆོས་ལུགས་ཉམས་ལེན་གནང་བ་ཙམ་གྱིས་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་པ་སོགས་འགྲེལ་བརྗོད་གནང་འདུག

ལྷག་པར་བཅར་འདྲི་ཞུས་ཡུལ་ཁོངས་ནས་བུད་མེད་ཞིག་གིས་ད་ཆ་ཁོང་ཁ་ཆེ་མིན་པ་དང་སྲིད་འཛིན་ཞི་ཅིན་ཕིང་ལ་ཡིད་ཆེས་ཆ་ཚང་ཡོད་རབས་བཤད་པ་སོགས་ཡིད་སྐྱོ་བའི་གནས་ཚུལ་རྣམས་ལུང་འདྲེན་གྱིས། རྒྱ་ནག་གཞུང་གིས་འཇིགས་སྐུལ་འགོག་ཐབས་ཀྱི་སྲིད་བྱུས་ལ་ཁག་དཀྲིས་ནས་ཡུ་གུར་གྱི་ལས་མི་ཚོར་ཆེས་གདུག་རྩུབ་དང་མནར་གཅོད་འོག་ངལ་རྩོལ་བྱེད་བཅུག་ཡོད་པ་མངོན་གསལ་གནང་བ་དང་ཆབས་ཅིག  དེའི་ཁོངས་རྒྱ་ནག་གི་མི་ཁག་ཅིག་གིས་མི་ཚོང་རྒྱག་པ། ཁྲིམས་མེད་ལུགས་མེད་ཀྱིས་འཛིན་བཟུང་། དེ་བཞིན་བཙན་གྱིས་ངལ་རྩོལ་བརྒྱུད་བྲན་གཡོག་བཀོལ་བའི་སྲིད་བྱུས་ཡོད་པ་གསུངས་འདུག

གཞན་ཡང་གནད་དོན་དེའི་ཐད་ཁེ་ན་ཌར་གནས་ཞུགས་ཡུ་གུར་མི་རིགས་ཀྱི་ཐོབ་ཐང་དོན་གཉེར་བ་ Rukiye Turdish ལགས་ཀྱིས་སྲིད་འཛིན་ཞི་ཅིན་ཕིང་གིས་རྒྱ་ནག་དེ་བཞིན་ཕྱི་ཕྱོགས་ལ་སྒོ་མོ་ཕྱེ་ཡོད་པ་དང་། ཕྱི་རྒྱལ་གྱི་གསར་འགོད་པ་རྣམས་ཤིན་ཅང་ཁུལ་དུ་སྐོར་བསྐྱོད་འཁྲིད་ནས་ཡུ་གུར་བ་ན་གཞོན་ཚོར་ལག་ཤེས་དང་ཤེས་ཡོན་བསླབས་ནས་མི་ཚེའི་མདུན་ལམ་གསར་པ་ཞིག་སྐྲུན་གྱི་ཡོད་ལུགས་བཤད་པ་དེ་འཛམ་གླིང་སྤྱི་ལ་མགོ་སྐོར་གཏོང་གི་ཡོད་པར་མ་ཟད། རྒྱ་གཞུང་གིས་དྲིལ་བསྒྲགས་ལོག་པ་བྱས་ནས་མི་མང་གི་བློ་ཁ་སྒྱུར་ཐབས་བྱེད་བཞིན་ཡོད་སྐོར་སྐྱོན་བརྗོད་ནན་པོ་གནང་འདུག

ལྷག་པར་རྒྱ་གཞུང་གིས་རང་ཉིད་ཀྱི་ལྟ་སྤྱོད་དང་མཐུན་པའི་ཕྱིའི་གསར་འགོད་པ་ཁག་ཅིག་རྒྱ་ནག་ནང་གདན་ཞུས་ཀྱིས་རྒྱལ་སྤྱིའི་ཁྲོད་ཤིན་ཅང་ཁུལ་གྱི་ཁ་ཆེའི་གྲང་ཉུང་མི་རིགས་རྣམས་ལ་རང་དབང་ཆ་ཚང་ཡོད་ལུགས་སོགས་ཀྱི་འཁྱོགས་བཤད་བྱས་བཅུག་གི་ཡོད་པ་སོགས་ཐེར་འདོན་གནང་སྟེ་མང་ཚོགས་ནས་གནས་ཚུལ་དེ་དག་ལ་ངེས་པར་དོགས་ཟོན་ངང་དཔྱད་ཞིབ་གནང་དགོས་གལ་ཡིན་པ་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།