Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་གིས་བོད་གཙོས་པའི་གྲངས་ཉུང་མི་རིགས་རྣམས་ལ་རྒྱལ་མཚམས་བརྒལ་བའི་དྲག་གནོན་ཆེས་ཆེར་བྱེད་བཞིན་པ་མངོན་གསལ།

Tibetan News Headlines

  • ‘Tibet I Care’ ཞེས་པའི་ཚོགས་པའི་སྐོར་གླེང་མོལ།

རེས་གཟའ་སྤེན་པ། ༢༠༢༤།༠༦།༢༩

  • In conversation with the founders of ‘Tibet I Care’ on the organization’s commitment to building a compassionate society

རྒྱ་ནག་གཞུང་གིས་བོད་གཙོས་པའི་གྲངས་ཉུང་མི་རིགས་རྣམས་ཀྱི་ཆོས་དད་རང་དབང་ཐད་ལ་མུ་མཐུད་དམ་དྲག་དང་། རྒྱལ་མཚམས་བརྒལ་བའི་དྲག གནོན་བྱས་པ་མ་ཟད། ཁོང་རྣམས་ཁ་གྲག་ཏུ་མི་འཇུག་པར་ཞེད་སྣང་དང་དངངས་སྐྲག་འོག་གནས་སྡོད་བཅུག་གི་ཡོད་པ་གསལ་འདོན་གནང་འདུག

USCFR

དེ་ཡང་ཨ་རིའི་གྲོས་ཚོགས་ཀྱིས་གཏན་འབེབས་གནང་བའི་ International Religious Freedom Act 1998 ཞེས་ཕྱི་ལོ་ ༡༩༩༨ ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཁྲིམས་སྒྲིག་དགོངས་དོན་འོག་ལོ་ལྟར་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་རྒྱལ་སྤྱིའི་རྒྱལ་ཁབ་ཁག་སོ་སོའི་ནང་གི་ཆོས་དད་རང་དབང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་ཞིག་འདོན་སྤེལ་གནང་གི་ཡོད་པ་དང་། ཁ་སང་ཕྱི་ཚེས་ ༢༦ ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Antony Blinken ལགས་དང་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་སྐུ་ཚབ་ Rashad Hussain ལགས་གཉིས་ཀྱིས་ཨ་རིའི་ཕྱི་སྲིད་ལས་ཁང་དུ་ཚོགས་འདུ་ཞིག་གི་སྟེང་དེ་འབྲེལ་སྙན་ཐོ་འདོན་སྤེལ་གནང་སྟེ། རྒྱལ་སྤྱི་ཁྱོན་ཡོངས་ལ་ཆོས་དད་རང་དབང་གི་གནས་བབ་བཟང་དུ་གཏོང་རྒྱུ་དེ་ནི་ཨ་རིའི་ཕྱི་འབྲེལ་སྲིད་བྱུས་ཀྱི་དམིགས་ཡུལ་གལ་ཆེན་ཞིག་ཆགས་ཀྱི་ཡོད་ནའང་། ད་ལྟའི་ཆར་འཛམ་གླིང་གི་མི་གྲངས་ས་ཡ་མང་པོར་ད་དུང་ཡང་ཆོས་དད་རང་དབང་ཐོབ་ཀྱི་མེད་ཅེས་དང་དེའི་ཁྲོད་རྒྱལ་སྤྱིའི་སྲིད་གཞུང་ཁག་གིས་ཆོས་ལུགས་ལ་དམིགས་འབེན་གྱིས་གང་བྱུང་འཛིན་བཟུང་བཙོན་འཇུག་བྱེད་པ་དང་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་ལྷ་ཁང་སོགས་སྒོ་རྒྱག་པ། དེ་བཞིན་མང་ཚོགས་བཙན་ཤེད་ཀྱིས་གཞི་སྤོར་བྱེད་དུ་འཇུག་པ་སོགས་ཆོས་ལུགས་ལ་བཀག་སྡོམ་བྱས་པ་དེ་ནི་ཕྱི་ལོ ༢༠༠༧ ལོ་ནས་བཟུང་གོ་ལའི་ཐོག་གི་ཚད་མཐོ་ཤོས་སུ་སླེབས་ཡོད་པ་འགྲེལ་བརྗོད་གནང་བ་མ་ཟད། སྲིད་གཞུང་ཁག་གིས་རྒྱལ་མཚམས་བརྒལ་ནས་མང་ཚོགས་ལ་བཙན་གནོན་གྱི་བྱེད་ཐབས་སྤེལ་བཞིན་ཡོད་པ་ཐེར་འདོན་གནང་འདུག

US Religious Freedom report

ད་རེས་ཀྱི་མཚན་གཞུང་ཁོངས་སུ་མེད་པའི་རྒྱལ་ཁབ་ཁག་ཅིག་ནང་ལའང་ཆོས་དད་རང་དབང་གི་གནས་བབ་ཞན་དུ་འགྲོ་བཞིན་པའི་རྣམ་པ་མངོན་རྒྱུ་ཡོད་སྟབས། སྲིད་གཞུང་ཚང་མས་མང་ཚོགས་ཀྱི་ཆོས་དད་རང་དབང་ལ་གུས་བརྩི་དང་། ཆོས་ཕྱོགས་ཀྱི་ལས་དོན་ཁག་ལ་འགོག་རྐྱེན་དང་འཚེ་བའི་ལས་རིགས་རྒྱུད་སྐུལ་བྱེད་རྒྱུ་ངེས་པར་དུ་མཚམས་འཇོག་བྱེད་དགོས་པ་མ་ཟད། སྤྱི་ཚོགས་ནང་དུ་ཆོས་ཕྱོགས་ཀྱི་ལས་དོན་ལ་དྲག་གནོན་དང་དབྱེ་འབྱེད་རིགས་བྱེད་རྒྱུ་མེད་པ་བཟོ་ཐུབ་ན་སྤྱི་ཚོགས་དང་རྒྱལ་ཁབ་ཀྱི་ཞི་བདེ་ལྷིང་འཇགས་ལ་ཕན་པ་མ་ཚད། མི་མང་རྣམས་ཀྱང་ཆེ་མཐོང་དང་འདྲ་མཉམ་ཐོག་ནས་གནས་སྡོད་ཐུབ་རྒྱུའི་དགེ་མཚན་ཆེན་པོ་ཡོད་པ་གསུངས་འདུག

དེ་བཞིན་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་སྐུ་ཚབ་སྐུ་ཞབས་ Rashad Hussain ལགས་ཀྱིས། སྙན་ཐོ་དེའི་ནང་རྒྱ་གཞུང་གིས་མུ་མཐུད་ཤར་ཏུར་ཀི་སི་ཐན་ཁུལ་གྱི་ཁ་ཆེའི་ཡུ་གུར་དང་ཆོས་ལུགས་ཀྱི་གྲངས་ཉུང་མི་རིགས་གཞན་གྱི་མི་མང་ལ་འགྲོ་བ་མིའི་རིགས་དང་འགལ་བའི་ཁྲིམས་འགལ་གྱི་ཉེས་སྤྱོད་དང་མི་རིགས་རྩ་མེད་གཏོང་བའི་ལས་འགུལ་སྤེལ་བཞིན་ཡོད་པ་གསལ་བཏོན་བྱས་པ་མ་ཟད། དྲག་གནོན་འདི་ནི་བོད་བརྒྱུད་ནང་བསྟན་ནས་ཡེ་ཤུའི་ཆོས་ལུགས་དང་ Falun Gong ཉམས་ལེན་པ་བཅས་ཆོས་ལུགས་ཀྱི་ཚོགས་སྡེ་ཁག་ལོ་ངོ་བཅུག་ཕྲག་མང་པོའི་རིང་དྲག་གནོན་བྱས་པའི་མཇུག་འབྲས་ཤིག་རེད་ཅེས་ནན་བརྗོད་གནང་འདུག

persecution_of_falungong

མ་ཟད་སྐུ་ཚབ་ཁོང་གིས་ལོ་འདིར་རྒྱ་ནག་དམར་ཤོག་ཚོགས་པས་ཧྥ་ལོན་གོང་ཆོས་ལུགས་ཀྱི་ཉམས་ལེན་པ་ཚོར་དྲག་གནོན་བྱས་པའི་ལོ་འཁོར་ཉེར་ལྔ་འཁོར་བའི་དུས་དྲན་ཡིན་སྟབས་དེ་རིང་ཁོང་རྣམས་དང་ལྷན་དུ་རྒྱ་ནག་གི་སྙིང་སྟོབས་ཅན་གྱི་འགོ་ཁྲིད་ཅིག་ཡིན་ཞིང་། བཙོན་ཁང་དུ་ཁྲིམས་ཆད་འགའ་ཤས་བཅད་མྱོང་ཡོད་པ་ལྕམ་ Hua Sheng ལགས་ཡོད་པ་དང་། ཁོང་ནས་ད་ཆ་རྒྱ་ཡི་བཙོན་ཁང་དུ་ཡོད་པའི་ཁོ་མོའི་བཟའ་ཟླ་དང་མགྱོགས་མྱུར་ལྷན་འཛོམས་ཡོང་བའི་རེ་བ་གནང་བཞིན་ཡོད་པ་འགྲེལ་བརྗོད་དང་སྦྲགས། མདོར་ན་རྒྱ་གཞུང་གི་འགོ་ཁྲིད་ཚོས་བོད་མི་གཙོས་ཡུ་གུར་དང་ Falun Gong གཞན་མི་རིགས་ཁག་ལ་རྒྱལ་མཚམས་བརྒལ་བའི་དྲག་གནོན་བྱས་ཏེ་འཇིགས་སྐུལ་དང་དོགས་སྲུང་། བརྙས་བཅོས་བྱས་པ་མ་ཟད། དེའི་ཁྲོད་རྒྱ་གཞུང་ལ་སྐྱོན་བརྗོད་བྱེད་མཁན་མི་སྒེར་དམིགས་སུ་བཀར་ནས་ཁ་གྲག་ཏུ་མི་འཇུག་པར་ཞེད་སྣང་དང་དངངས་སྐྲག་འོག་གནས་སྡོད་བཅུག་གི་ཡོད་པ་གསལ་འདོན་གནང་འདུག

tenchoe

ཁ་སང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་འདོན་སྤེལ་གནང་ཡོད་པ་དང་བསྟུན། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས། རྒྱ་ནག་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ལ་དབང་སྒྱུར་བྱེད་ཐབས་ཀྱི་འབད་རྩོལ་ཐེ་བའི་བོད་ནང་གི་ཆོས་དད་རང་དབང་བཙན་གནོན་བྱེད་བཞིན་པ་འདི་དག་ནི། བོད་ཀྱི་ཤེས་རིག་གནས་རྒྱུ་དང་མ་འོངས་པའི་གནས་སྟངས་ལ་གནད་འགག་ཆེན་པོ་ཡིན་པ་འགྲེལ་བརྗོད་དང་སྦྲགས། ཁོང་ནས་འདི་ལོའི་ཨ་རིའི་སྲིད་གཞུང་གི་ཆོས་དད་རང་དབང་གི་སྙན་ཐོའི་ནང་བོད་སྐོར་དོ་སྣང་གནང་བར་དགའ་བསུ་ཞུ་རྒྱུ་དང་དེ་ནི་ད་ལྟའི་དུས་སུ་དགོས་མཁོ་ཆེ་བ་ཞིག་ཡིན་པ་གསུངས་འདུག

གཞི་རྩའི་ཕྱི་ལོ་ ༡༩༩༨ ལོར་ཨ་རིའི་གྲོས་ཚོགས་ནས་རྒྱལ་སྤྱིའི་མང་ཚོགས་ཀྱི་ཆོས་དད་རང་དབང་སྲུང་སྐྱོབ་ཐུབ་ཐབས་སུ་རྒྱལ་སྤྱིའི་ཆོས་དད་རང་དབང ཁྲིམས་འཆར་ ༡༩༩༨ ཞེས་པ་ཞིག་གཏན་འབེབས་གནང་བ་ནས་བཟུང་། ལོ་ལྟར་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་ཁྲིམས་དེ་ཕྱི་འབྲེལ་སྲིད་བྱུས་ཁོངས་སུ་ལག་བསྟར་གནང་སྟེ་རྒྱལ་ཁབ་སོ་སོའི་ཆོས་དད་རང་དབང་གནས་བབ་ཐེར་འདོན་དང་། སྐབས་རེ་ཆོས་དད་རང་དབང་བརྩི་མེད་རྡོག་རོལ་གཏོང་མཁན་གྱི་རྒྱལ་ཁབ་དང་གང་ཟག་སྒེར་སོགས་ལ་ཆབ་སྲིད་ཀྱི་ཉེས་ཆད་ཀྱང་འགེལ་གྱི་ཡོད་པ་རེད།

ཁ་སང་གི་ཚོགས་འདུ་དེར་གདན་ཞུས་གནང་བའི་མི་སྣ་དམིགས་བསལ་ཅན་ཁྲོད་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་བུ་ཆུང་ཚེ་རིང་ལགས་ཀྱང་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།