Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་གིས་བོད་དང་ཤིན་ཅང་ནང་སྤེལ་བའི་བྱ་སྤྱོད་དེ་དག་རྒྱལ་ཚོགས་ཀྱི་གཞི་རྩའི་ལྟ་གྲུབ་དང་འགལ་ཡོད་པར་གསུངས་འདུག

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Antony Blinken མཆོག་གིས་བོད་དོན་ལ་རྒྱབ་སྐྱོར་བསྐྱར་ནན་དང་འབྲེལ་ཏེ་རྒྱ་གཞུང་གིས་བོད་དང་ཧོང་ཀོང་སོགས་ཀྱི་གནད་དོན་ནི་རྒྱལ་ཁབ་དེའི་ནང་སྲིད་ཀྱི་གནད་དོན་ཞིག་ཡིན་པར་འགྲེལ་བརྗོད་བྱེད་བཞིན་པ་ནི་ནོར་འཁྲུལ་ཡིན་སྐོར་གསུངས་པ་མ་ཟད། རྒྱ་གཞུང་གིས་བོད་དང་ཤིན་ཅང་ནང་སྤེལ་བའི་བྱ་སྤྱོད་དེ་དག་རྒྱལ་ཚོགས་ཀྱི་རྩ་ཁྲིམས་དང་འགལ་ཡོད་པ་དང་། འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་ཀྱི་འབྲུ་དོན་དང་ཡོངས་སུ་འགལ་གྱི་ཡོད་པར་གསུངས་འདུགསྐུ་ཞབས་ Blinken མཆོག་གིས་ཁ་སང་ཚེས་ ༢༦ ཉིན་ཨ་རིའི་ཇོར་ཇི་ཝ་ཤིན་ཊོན་ (George Washington) གཙུག་ལག་སློབ་ཁང་དུ་ཨ་རིས་རྒྱ་ནག་ལ་འཛིན་པའི་སྲིད་བྱུས་ཐད་ཚོུད་ཕྱེད་ཀ་ལྷག་ཙམ་གྱི་རིང་གལ་ཆེ་གསལ་བཤད་གནང་བའི་ཁྲོད་ད་ལྟའི་ཆར་རྒྱལ་སྤྱིའི་ཚོགས་སྡེ་ཡོངས་ནས་ཨུ་རུ་སུ་དང་ཡུཀ་རེན་ནང་གི་དམག་འཁྲུག་ལ་དོ་སྣང་བྱེད་བཞིན་ཡོད་ཀྱང་། དོན་དངོས་སུ་ཕུངས་རྒྱང་རིང་པོའི་ཐོག་ནས་གཟིགས་ན་རྒྱ་ནག་དེ་རྒྱལ་སྤྱིའི་ངོས་ནས་གདོང་ལེན་ཤུགས་ཆེར་བྱེད་དགོས་པའི་ཛ་དྲག་གི་གནད་དོན་ཞིག་ཆགས་ངེས་ཡིན་སྐོར་གསུངས་པ་དང་ཆབས་ཅིག སྤྱིར་ཨ་རིའི་ངོས་ནས་རྒྱ་ནག་དང་ལྷན་དྲག་དམག་འདོད་ཀྱི་མེད་ཀྱང་ཨ་རིའི་ངོས་ནས་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་ལ་དས་ལེན་གནང་མཁན་ཞིག་ཏུ་གཟིགས་འདོད་ཡོད་པ་གསུངས་འདུག

ལྷག་པར་ཁོང་གིས་བོད་ཀྱི་གནད་དོན་གླེང་བ་དང་འབྲེལ་ནས་རྒྱ་གཞུང་ནས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་ཀྱི་ཐད་གདུག་རྩུབ་ཅན་གྱི་ལས་འགུལ་སྤེལ་བཞིན་པ་དང་། དེ་བཞིན་ཧོང་ཀོང་ནང་དུའང་རྒྱལ་ཁབ་བདེ་འཇགས་ཀྱི་གནད་དོན་ལ་ཁག་དཀྲིས་ཏེ། མང་གཙོ་དོན་གཉེར་ཅན་རྣམས་ལ་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་པ་ལུང་འདྲེན་གྱིས་ཨ་རིས་བོད་དོན་ལ་མུ་མཐུད་རྒྱབ་སྐྱོར་ཡོད་ཅེས་གསུངས་པ་མ་ཟད། རྒྱ་ནག་ཕྱོགས་ནས་གནད་དོན་དེ་དག་རྒྱ་ནག་རྒྱལ་ནང་གི་གནད་དོན་ཞིག་དང་། ཕྱི་ཕྱོགས་ནས་དེར་ཐེ་བྱུས་བྱ་རྒྱུའི་ཐོབ་ཐང་མེད་ཅེས་བཤད་པ་དེ་ནོར་འཁྲུལ་ཡིན་པར་ཐེར་འདོན་གནང་ཡོད།

ཁོང་གིས་ད་དུང་རྒྱ་ནག་གཞུང་གིས་མི་རིགས་དང་ཆོས་ལུགས་ཐད་གྲངས་ཉུང་དུ་འགྱུར་བའི་བོད་དང་ཤིན་ཅང་ནང་གི་མང་ཚོགས་ཐོག་སྤེལ་བཞིན་པའི་བྱ་སྤྱོད་དེ་དག་ནི་རྒྱ་ནག་གིས་ཡང་ཡང་ལུང་འདྲེན་བྱས་པའི་རྒྱལ་ཚོགས་ཀྱི་རྩ་ཁྲིམས་དང་འགལ་ཡོད་པ་དང་། འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་ཀྱི་འབྲུ་དོན་དང་ཡོངས་སུ་འགལ་གྱི་ཡོད་པར་གསུངས་འདུག

དེ་བཞིན་རྒྱ་ནག་གིས་ཧོང་ཀོང་ནང་གི་རང་དབང་དང་མང་གཙོ་དོན་གཉེར་ཅན་རྣམས་ལ་དམ་དྲག་ཤུགས་ཆེར་བྱེད་ཀྱི་ཡོད་པ་དེའང་རྒྱལ་ཚོགས་ནང་བཞུགས་ཡོད་པའི་རྒྱ་ནག་རང་ཉིད་ཀྱི་ཆིངས་ཡིག་མཚན་རྟགས་བཀོད་སྐབས་ཀྱི་ཁས་ལེན་དམ་བཅའ་དང་ཡོངས་སུ་འགལ་ཡོད་པར་སྐྱོན་བརྗོད་དང་སྦྲགས། ཨ་རིའི་ངོས་ནས་མུ་མཐུད་གནད་དོན་དེ་དག་གླེང་སློང་བྱ་རྒྱུ་དང་ལྷག་དོན་དེའི་ཐོག་ངེས་པར་དུ་འགྱུར་བ་ཞིག་ཡོང་ཐབས་ཀྱི་འབད་བརྩོད་གནང་རྒྱུ་ཡིན་པའི་ཞལ་བཞེས་གནང་བ་མ་ཟད་ཨ་རིས་དེ་འབྲེལ་ཞི་བདེ་དང་། བདེ་འཇགས། འགྲོ་བ་མིའི་རིན་ཐང་ལ་ཆེ་མཐོང་ཞུ་བཞིན་ཡོད་པ་ལས་རྒྱ་ནག་དང་ཁ་གཏད་དུ་བཞེང་རྒྱུ་མིན་ཞེས་གསུངས་ཡོད།

སྐུ་ཞབས་ Blinken ལགས་ཀྱིས་ཨ་རིའི་གཞུང་གིས་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་དང་འབྲེལ་བའི་གསུང་བཤད་དེའི་སྐབས་གཞན་ཡང་རྒྱ་ནག་ནག་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནས་ཚུལ་དང་འབྲེལ་ཏེ། སྤྱིར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སོགས་ནི་འཛམ་གླིང་སྐྱེས་བུ་ཡོངས་ཀྱི་ཐུན་མོང་གྱི་མངོན་འདོད་ཞིག་ཡིན་པ་ལས། ནུབ་ཕྱོགས་རྒྱལ་ཁབ་རྣམས་ཀྱིས་བཟོས་པའམ་གཏན་འབེབས་བྱས་པ་ཞིག་མིན་སྟབས། ཨ་རིས་མཐུན་ཕྱོགས་རྒྱལ་ཁབ་དང་ལྷན་དུ་གླེང་མོལ་བྱ་ཡུལ་གཙོ་བོ་ཞིག་ནི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཆགས་ཀྱི་ཡོད་ཅེས་གསུངས་ཡོད། ཁོང་གིས་ཨ་རི་ནི་རྒྱལ་ཁབ་དང་ས་ཕྱོགས་གང་དུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཞན་པོ་ཡོད་པ་དེར་གདོང་ལེན་བྱེད་ཀྱི་ཡོད་ལ། ལྷག་པར་དུ་ད་ལྟའི་ཆར་ཤིན་ཅང་ཁུལ་དུ་མི་ས་ཡ་གཅིག་ལྷག་ཆོས་ལུགས་དང་མི་རིགས་སོགས་ཀྱི་རྒྱུ་མཚན་དུ་བྱས་ཏེ་འཛིན་བཟུང་གིས་བཀག་སྐྱིལ་ཁང་དུ་བཀག་ཉར་བྱས་ཏེ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་དང་གཏོང་བཞིན་ཡོད་པར་སྐྱོན་བརྗོད་གནང་འདུག

གཞི་རྩའི་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Antony J.Blinken ལགས་ཀྱི་ཁ་སང་གི་གསུང་བཤད་དེ་དོན་ཚན་གསུམ་ལ་དབྱེ་ན། རྒྱལ་ནང་གི་ཚོང་སྡེ་ཆེ་ཁག་དང་། གསར་གཏོད་ཀྱི་ལས་གཞི། དེ་བཞིན་མང་གཙོ་སོགས་ཀྱི་ཐོག་མ་འཛུགས་བྱ་རྒྱུ། དེ་ནས་ཐུན་མོང་ཁེ་ཕན་དང་དམིགས་ཡུལ་བསྒྲུབ་འདོད་ཡོད་མཁན་གྱི་མཐུན་ཕྱོགས་རྒྱལ་ཁབ་རྣམས་ཆིག་སྒྲིལ་ཐོག་ལས་དོན་གཉེར་རྒྱུ། རིམ་བཞིན་རྒྱ་ནག་ལ་གདོང་ལེན་བྱེད་པའི་ཐོག་རང་གི་འདོད་པ་སྲུང་སྐྱོབ་དང་མ་འོངས་པར་འཆར་གཞི་སྒྲིག་རྒྱུ་བཅས་ཡིན་སྐོར་གསུངས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།