དེ་རིང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ལས་ཉིན་བཅུ་གཅིག་པའི་སྔ་དྲོར་བོད་མི་མང་སྤྱི་འཐུས་རྣམ་པས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་བགྲོ་གླེང་ལྷུག་པོ་དང་འབྲེལ། བོད་བསྟན་སྲིད་མི་རིགས་ཆེད་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ཀྱི་ལྷག་བསམ་དང་སྙིང་སྟོབས་ལ་ཡི་རངས་དང་ཤུལ་ལུས་ནང་མི་ཉེ་འབྲེལ་གཙོས་བཙན་གནོན་འོག་མྱོང་བཞིན་པའི་གཞིས་ལུས་བོད་མི་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཞུས་པ་དང་ཆབས་ཅིག ལྷག་པར་རྒྱ་གཞུང་ཕྱོགས་ནས་གཡས་ཁག་གཡོན་དཀྲིས་ཀྱིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་མ་བྱས་ཚེ་མ་འོངས་ཛ་དྲག་གནས་ཚུལ་ཇི་ཆུང་གི་འགན་ཁུར་ཆ་ཚང་རྒྱ་གཞུང་ལ་ཡོད་པར་ནན་བརྗོད་སོགས་ཀྱི་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དོན་ཚན་དྲུག་ཅན་ཞིག་སྤྱི་མོས་ཀྱིས་གཏན་འབེབས་གནང་སོང་།

དེ་ཡང་དེ་རིང་གྲོས་ཚོགས་སུ་གཏན་འབེབས་གནང་བའི་གྲོས་ཆོད་དེའི་ནང་ལོ་རྒྱུས་ཀྱི་གནས་བབ་ཐོག་ནས་བོད་རྒྱ་ནག་གི་ཆ་ཤས་ནམ་ཡང་མིན་པར་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་དང་ད་ལྟའི་བོད་རྒྱའི་དཀའ་རྙོག་སེལ་ཆེད་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་གྲོས་མོལ་བྱ་རྒྱུའི་གྲ་སྒྲིག་ཡོད་པ་ལྟར་རྒྱ་ཕྱོགས་ནས་གཡས་ཁག་གཡོན་དཀྲིས་ཀྱིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་མ་བྱས་ཚེ་མ་འོངས་པར་ཛ་དྲག་གནས་ཚུལ་ཇི་བྱུང་གི་འགན་ཁུར་ཆ་ཚང་རྒྱ་གཞུང་ལ་ཡོད་པར་ནན་བརྗོད་བྱ་རྒྱུ་མ་ཟད། ༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་གཙོས་བོད་མི་ཆབ་སྲིད་བཙོན་པ་རྣམས་གང་མགྱོགས་གློད་བཀྲོལ་བཏང་ནས་ཁོང་རྣམ་པའི་ཚེ་སྲོག་ལ་འགན་ཁུར་ཐོག་ནས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ལོངས་སུ་སྤྱོད་དུ་འཇུག་དགོས་པ་དང་ལྷག་པར་ཉེ་ཆར་བོད་ཀྱི་སྟོད་དིང་རི་གཙོས་ས་གནས་འགའ་ལ་ས་ཡོམ་བརྒྱབ་སྟེ་ཁུལ་དེ་དག་གི་མི་རྒྱུ་གཉིས་ལ་གོད་ཆགས་ཆེན་པོ་ཐེབས་པར་བློ་ཕམ་ཚད་མེད་བྱུང་བ་དང་རྨས་སྐྱོན་ཕོག་པ་རྣམས་མགྱོགས་ནས་མྱུར་དུ་དྲག་སྐྱེད་ཡོང་བའི་སྨོན་འདུན་གྱིས་རྗེས་ཤུལ་ནང་མི་རྣམས་ལ་ཐུགས་གསོ་ཞུས་པ་དང་ཆབས་ཅིག བོད་ཀྱི་གནས་སྟངས་ཛ་དྲག་ཏུ་གྱུར་པའི་སྐབས་འདིར་རང་དབང་ལུང་པར་ཡོད་པའི་བོད་མི་རྣམས་སྔར་ལྷག་རྡོག་རྩ་ཆིག་སྒྲིལ་གྱིས་བོད་ཀྱི་བདེན་པའི་འཐབ་རྩོད་དང་བོད་ཀྱི་ཆོས་རིག་སྐད་ཡིག་བཅས་པ་མི་ཉམས་རྒྱུན་འཛིན་བྱ་རྒྱུ་སོགས་ཀྱི་ནུས་པ་གོང་མཐོར་གཏོང་རྒྱུར་ཕྱོགས་ཡོངས་ནས་ཕྱར་གྲུ་མཉམ་འདེགས་བྱ་དགོས་པ་བཅས་ཁྱོན་དོན་ཚན་དྲུག་ཆེད་བཀོད་གནང་ཡོད།
བགྲོ་གླེང་ཁྲོད་སྤྱི་འཐུས་ཚང་མས་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་སྔོན་གླེང་དང་དེའི་གྲོས་ཆོད་གྲོས་འཆར་ལ་ཚད་མཐོའི་རྒྱབ་སྐྱོར་གྱིས་རྒྱ་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་པོའི་སྲིད་བྱུས་ཁག་ཐེར་འདོན་གྱིས་རྒྱ་གཞུང་གི་བྱེད་བབ་ལ་སྐྱོན་བརྗོད་ནན་པོ་དང་སྦྲགས། རྒྱ་གཞུང་གི་ཆེས་གདུག་རྩུབ་ཅན་གྱི་སྲིད་བྱུས་ཀྱི་བཙན་གནོན་འོག་ཉིན་མཚན་འཁྱོལ་དཀའ་བའི་སྡུག་སྦྱོང་མནར་གཅོད་མྱངས་དང་མྱོང་བཞིན་པའི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་དང་གཞིས་བཞུགས་རྒྱལ་གཅེས་དཔའ་བོ་དཔའ་མོ་འདས་གསོན་ཡོངས་ཀྱི་ལྷག་བསམ་དང་དཔའ་མཛངས་སྙིང་སྟོབས། བླ་ན་མེད་པའི་མཛད་རྫེས་བཅས་ལ་ཡི་རངས་བསྔགས་བརྗོད་ཞུས་སོང་།
དེ་བཞིན་སྤྱི་འཐུས་ཁག་གཅིག་གིས་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་གྱི་དོན་ཚན་ལྔ་པ་དང་འབྲེལ་ཏེ་དེ་སྔོན་བོད་དིང་རི་གཙོས་ཉེ་འཁོར་ས་ཁུལ་ཁག་ཏུ་ས་ཡོམ་གྱི་གོད་ཆགས་བྱུང་བར་འཛམ་གླིང་ས་ཕྱོགས་གང་སར་གྱར་བའི་བོད་མི་རྣམས་ཀྱིས་གདུང་སེམས་མཉམ་བསྐྱེད་དང་ལྷག་པར་བོད་ས་ཁྱོན་ཡོངས་ཀྱི་བོད་མི་ཚོས་རྡོག་རྩ་གཅིག་སྒྲིལ་གྱིས་ས་ཡོམ་བརྒྱབ་སའི་ས་ཁུལ་དུ་བསྐྱོད་དེ་གོད་ཆགས་ཕོག་པ་རྣམས་ལ་ཟས་གོས་རོགས་དངུལ་སོགས་ཀྱི་ཕྱག་རོགས་གནང་བ་མངོན་རྒྱུ་བྱུང་ཡོད་པ་དེའི་བརྒྱུད་བོད་རིགས་སྤུན་ཟླ་རྣམས་ཀྱི་ཕན་ཚུན་བརྩེ་སེམས་དང་ལ་རྒྱ། ལྷག་བསམ་བཅས་ཀྱི་ཐོག་ལ་དམིགས་དཔེ་བཟང་པོ་ཞིག་བཏོན་ནས་བཙན་བྱོལ་བོད་མི་རྣམས་སྤོབས་པ་སྐྱེས་འོས་པ་ཤིག་ཡིན་པའི་ཚོར་ཤུགས་ཆེན་པོས་ཐུགས་རྗེ་ཆེ་ཞུས་སོང་བ་མ་ཟད། ས་ཡོམ་གྱི་གོད་ཆགས་བྱུང་བ་དེས་ཕྱོགས་གཞན་ཞིག་ལ་རྒྱ་ནག་གིས་བོད་ནང་ཡར་རྒྱས་བཏང་ཡོད་ལུགས་ཀྱི་འཁྱོག་བཤད་དྲིལ་བསྒྲགས་རྣམས་དྲང་བདེན་མིན་པ་གསལ་པོ་ར་སྤྲོད་ཆགས་ཡོད་ཅེས་གསུངས་སོང་།
མ་ཟད་སྤྱི་འཐུས་ལ་ལས་གཞིས་ལུས་རྒྱ་ཆེ་མི་མང་ལ་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་དོན་དམ་ཞུས་པར་གཙོ་བོ་བཙན་བྱོལ་བོད་མི་ཡོངས་ནས་རྡོག་རྩ་གཅིག་སྒྲིལ་གྱིས་ནུས་པ་མཉམ་སྤུངས་བརྒྱུད་ཁོང་རྣམས་ཀྱི་རེ་བ་དང་མངོན་འདོད་ཇི་ཡིན་ཁག་བསྒྲུབ་རྒྱུ་གལ་ཆེ་ཡིན་པ་ལས་ཁོང་རྣམས་ཀྱི་རེ་བ་དང་མངོན་འདོད་རྣམས་ཟུར་དུ་བཞག་ནས་རང་ཉིད་ཀྱི་ཕྱོགས་གཏོགས་དང་གོ་གནས་སྲུང་སྐྱོབ་གནང་རྒྱུ་དེ་མིན་པ་གསུངས་སོང་།

ལྷག་པར་སྤྱི་འཐུས་ཁག་གཅིག་གིས་བོད་གཞིས་ལུས་མི་མང་རྣམས་རྒྱ་ཡི་བཙན་དབང་འོག་ཏུ་ཚུད་ཡོད་ཀྱང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་ཆོལ་ཁ་གསུམ་ཁ་བྲལ་དུ་གཏོང་ཐུབ་མེད་པ་བཞིན་བཙན་བྱོལ་བོད་མི་རྣམས་ནས་འདི་ལོ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལུགས་ལྟར་དགུང་གྲངས་ ༩༠ ཕེབས་པའི་༸སྐུའི་གོ་སྟོན་འཁེལ་ཡོད་པ་དང་བསྟུན་ཚང་མས་སྤྱི་མཐུན་བསོད་ནམས་བསོག་རྒྱུའི་ལས་ལ་འབོད་དེ་འཐུས་སྒོ་ཚང་བ་ཞིག་གནང་དགོས་པའི་སྐུལ་མ་གནང་སོང་།
ཡང་སྤྱི་འཐུས་རེ་བཟུང་གིས་གཞིས་ལུས་བོད་མིའི་ལྷག་བསམ་དང་སྙིང་སྟོབས་ལ་ཡི་རངས་མཚོན་ཆེད་བོད་མི་ཡོད་དོ་ཅོག་ནས་ཉིན་རྒྱབ་དུས་གཅིག་ལ་གདུང་སེམས་མཉམ་བསྐྱེད་ཉིན་མོ་ཞེས་སྲུང་བརྩི་ཞུ་དགོས་པའི་དགོངས་ཚུལ་ཕུལ་མཁན་བྱུང་སོང་།
རྩ་བའི་དེ་རིང་གྲོས་ཚོགས་སུ་གཞན་ཡང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམ་པ་དང་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ཞིབ་སྤྱི་ཁྱབ་པའི་འོས་འདེམས་ལས་ཐོག་ཕེབས་ཡོད་པ་མ་ཟད། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༡༢ པའི་སྙན་ཐོ་སྙན་སྒྲོན་གྱིས་བགྲོ་གླེང་དང་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་གྱི་ལས་རིམ་ཁག་གཅིག་ཐོག་ཕེབས་ཡོད།




