Tibetan Royal Year of 2151 | Year of the Wood Dragon

རྒྱ་དཀར་ནག་གཉིས་ཀྱི་མཐའ་མཚམས་གྲོས་མོལ་ཁྲོད་གྲུབ་འབྲས་གང་ཡང་བྱུང་མེད་པ་མངོན་གསལ།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

ཕྱི་ལོ་ ༢༠༢༠ ལོར་འཕགས་བོད་གཉིས་ཀྱི་ས་མཚམས་ས་ཁུལ་དུ་རྒྱ་དཀར་ནག་གཉིས་ཀྱི་མཐའ་སྲུང་དམག་མིའི་དབར་ལ་གདུང་ཐུག་གི་གནས་ཚུལ་བྱུང་བ་ནས་བཟུང་སྟེ་ད་བར་རྒྱ་དཀར་ནག་གཉིས་ཀྱི་དམག་སྤྱི་གཙོས་ཆེས་མཐོའི་འགོ་ཁྲིད་དབར་མཐའ་མཚམས་ཁུལ་གྱི་དཀའ་ངལ་སེལ་ཕྱིར་གྲོས་མོལ་རིམ་པ་གནང་ཡོད་པ་ལྟར།  ཁ་ཉིན་ཕྱི་ཚེས་ ༢༧ ཉིན་སླར་ཡང་རྒྱལ་ཁབ་ཕྱོགས་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་དབར་གྲོས་མོལ་ཐེངས་ ༢༩ ཚོགས་འདུག་ཀྱང་། གྲོས་མོལ་གྱི་བརྒྱུད་རིམ་འདི་མུ་མཐུད་རྒྱུ་ལས་དཀའ་རྙོག་ཁག་སེལ་རྒྱུར་དོན་ཕན་ལྡན་པའི་གྲུབ་འབྲས་གང་ཡང་བྱུང་མེད་པ་རེད་འདུག

India China Dialogue

དེ་ཡང་ Times Of India སོགས་རྒྱ་གར་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བར་གཞིག་ན། ཁ་སང་རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱིས་དེ་འབྲེལ་གསར་འགོད་བསྒྲགས་གཏམ་ཞིག་འདོན་སྤེལ་གནང་བའི་ནང་། རྒྱ་དཀར་ནག་གཉིས་ཀྱི་མཐའ་མཚམས་གྲོས་མོལ་ཐེངས་ ༢༩ པ་དེ་ཟླ་བ་འདིའི་ཕྱི་ཚེས་ ༢༧ ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཚོགས་ཡོད་པ་དང་ཆབས་ཅིག། རྒྱ་གར་ཕྱོགས་ནས་ཡུལ་དེའི་ཕྱི་སྲིད་ལས་ཁུངས་ཀྱི་ཤར་ཨེ་ཤེ་ཡའི་མཉམ་འབྲེལ་སྡེ་ཚན་གྱི་དྲུང་ཆེ་སྐུ་ཞབས་ Gourangalal Das ལགས་དང་། རྒྱ་ནག་ནས་ཁུལ་དེའི་ཕྱི་སྲིད་ལས་ཁུངས་ཀྱི་ས་མཚམས་དང་རྒྱ་མཚོའི་སྡེ་ཚན་གྱི་སྤྱི་ཁྱབ་འགན་འཛིན་ Hong Liang གཉིས་ནས་སྣེ་འཁྲིད་བྱས་འདུག

ཕྱོགས་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་རྣམ་པའི་གྲོས་མོལ་ཁྲོད་གཙོ་བོ་རྒྱལ་ཁབ་ཕྱོགས་གཉིས་ཀྱི་མཐའ་མཚམས་ས་ཁུལ་དུ་ཞི་འཇམ་ཡོང་སླད་ཕྱོགས་གཉིས་ཀའི་ས་མཚམས་ས་ཁུལ་ཁག་ནས་དམག་མི་ཕྱིར་འཐེན་བྱ་རྒྱུ་གཙོས་དེ་སྔ་ཚོགས་པའི་གྲོས་མོལ་ཁག་གི་གྲོས་གཞི་ཁག་ལ་བསྐྱར་ཞིབ་ཙམ་མ་ཟད། ཕྱོགས་གཉིས་ཀའི་ངོས་ནས་ས་མཚམས་ཁུལ་དུ་ཞི་བདེ་ལྷིང་འཇགས་རྒྱུན་གནས་ཡོང་ཐབས་བྱ་རྒྱུར་མོས་མཐུན་བྱས་ཡོད་པ་ལྟར་གྲོས་མཐུན་ཁག་གཞིར་བཟུང་གིས་གནད་དོན་དེ་དག་ཐོག་འདུན་སྐྱོད་དང་མཉམ་དུ་གྲོས་མོལ་མུ་མཐུད་གནང་རྒྱུ་སོགས་ཀྱི་གྲོས་མཐུན་ཁག་ཅིག་བྱུང་ཡོད་པ་ཙམ་ལས་ཐེངས་འདིའི་གྲོས་མོལ་ཐོག་ས་མཚམས་ཀྱི་ད་ཡོད་རྙོག་གླེང་སེལ་རྒྱུར་དོན་ཕན་ལྡན་པའི་གྲུབ་འབྲས་གང་ཡང་སོན་མེད་པ་མངོན་གསལ་གནང་འདུག

India China Dialogue

མ་ཟད་གྲོས་མོལ་སྐབས་རྒྱལ་ཁབ་ཕྱོགས་གཉིས་ཀྱི་ས་མཚམས་ཁུལ་དུ་ད་ལྟའི་ཆར་དཀའ་ངལ་འཕྲད་བཞིན་པར་གདོང་ལེན་བྱེད་ཕྱོགས་སྐོར་དང་ལྷག་པར་ Depsang དང་ Demchok མཐའ་མཚམས་ས་ཁུལ་གྱི་དཀའ་གནད་ཁག་ལའང་གྲོས་བསྡུར་བྱས་ཡོད་པ་སོགས་བཀོད་འདུག

དེ་བཞིན་གྲོས་མོལ་དེ་ཉིད་ཚོགས་པའི་ཉིན་དེར་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ S Jaishankar མཆོག་གིས་རྒྱ་གར་ངོས་ནས་འཕགས་བོད་ས་མཚམས་ཀྱི་དཀའ་རྙོག་ཁག་གང་མགྱོགས་སེལ་རྒྱུའི་ཐོག་ཆོད་སེམས་བརྟན་པོ་ཡོད་ཀྱང་། རྒྱ་གཞུང་ངོས་ནས་མཐའ་མཚམས་ཁུལ་གྱི་དཀའ་རྙོག་ཁག་ཞི་འགྲིག་བྱས་རྒྱུ་ལས་ལྡོག་སྟེ་རྒྱ་གར་གི་ས་ཁུལ་ཁག་ཅིག་ལ་ཧམ་འཛུལ་གྱི་ལས་དོན་སྤེལ་བཞིན་པར་རྟེན་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་དེ་དཀའ་ངལ་ཅན་ཞིག་ཏུ་འགྱུར་ཡོད་པ་དང་། ལྷག་པར་རྒྱལ་ཁབ་གཉིས་དབར་ཕྱི་ལོ་ ༢༠༢༠ ལོར་མི་གསོད་ཁྲག་སྦྱོར་ཀྱི་གནས་སྟངས་སོགས་ཀྱང་བྱུང་ཡོད་པར་མངོན་གསལ་གནང་བ་དང་འབྲེལ། ཁོང་ཉིད་ཀྱི་ལས་འགན་དང་པོ་ནི་ས་མཚམས་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན་པ་དང་གནད་དོན་དེའི་ཐོག་ལ་ནམ་ཡང་བསམ་ཤེས་བྱེད་མི་ཐུབ་སོགས་ཀྱི་འགྲེལ་བརྗོད་གནང་འདུག

India China Dialogue
REUTERS/File Photo

མ་ཟད། རྒྱ་གར་ངོས་ནས་འཕགས་བོད་མཐའ་མཚམས་ས་ཁུལ་གྱི་དཀའ་གནད་ཁག་སེལ་ཕྱིར་རྒྱལ་ཁབ་ཕྱོགས་གཉིས་ཀྱི་དམག་སྤྱི་གཙོས་ཆེས་མཐོའི་འགོ་ཁྲིད་དབར་གྲོས་མོལ་མུ་མཐུད་གནང་འཆར་ཡོད་པ་དེ་ལྟར་ཡང་། རྒྱ་དཀར་ནག་གཉིས་ཀྱི་མཐའ་མཚམས་ས་ཁུལ་དུ་ཞི་བདེ་སླར་གསོ་མ་བྱུང་བར་རྒྱལ་ཁབ་ཕྱོགས་གཉིས་ཀྱི་རྒྱུན་ལྡན་གྱི་འབྲེལ་ལམ་བསྐྱར་གསོ་ཐུབ་ཐབས་མེད་པ་གསུངས་འདུག

རྒྱལ་ཁབ་ཕྱོགས་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་དབར་གྱི་གྲོས་མོལ་དང་འབྲེལ། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས་སྤྱི་བསྒྲགས་ཤིག་སྤེལ་བའི་ནང་གསལ་ལྟར་ན། ཐེངས་འདིའི་གྲོས་མོལ་དེ་བཞིན་སྤྱི་ཡོངས་ནས་ཡག་པོ་བྱུང་ཡོད་ཚུལ་དང་། ཕྱོགས་གཉིས་ཀའི་ངོས་ནས་གནད་དོན་དེ་དག་ཐོག་མདུན་བསྐྱོད་བྱ་རྒྱུའི་ཐད་དམག་དོན་དང་ཆབ་སྲིད་ཀྱི་བརྒྱུད་རིམ་ཐོག་ནས་འབྲེལ་བ་མུ་མཐུད་བྱ་རྒྱུ་དང་། ཐག་གཅོད་གསལ་པོ་མ་བྱུང་བའི་བར་དུ་ཕྱོགས་གཉིས་ཀའི་ངོས་ནས་ས་གནས་ས་ཐོག་ཏུ་ཞི་བདེ་ལྷིང་འཇགས་ངང་གནས་རྒྱུ་སོགས་ཀྱི་གྲོས་མཐུན་བྱུང་ཡོད་པ་བརྗོད་འདུག

གཞི་རྩའི་ཕྱི་ལོ་ ༢༠༢༠ ལོའི་ Galwan གདོང་ཐུག་གི་གནད་དོན་རྗེས་སུ་རྒྱ་དཀར་ནག་གཉིས་དབར་གྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་པའི་ཁྲོད། རྒྱལ་ཁབ་ཕྱོགས་གཉིས་དབར་དམག་སྤྱི་གཙོས་ཆེས་མཐོའི་འགོ་ཁྲིད་ཕྱོགས་གཉིས་དབར་ས་མཚམས་སོགས་ཀྱི་གནད་དོན་ཐད་གྲོས་མོལ་ཇི་ཙམ་གནང་ཡང་མཐའ་མཚམས་ཀྱི་དཀའ་ངལ་རྣམས་དོར་དུ་མི་རུང་བ་ཞིག་ཡིན་པ་དང་།  གྲོས་མོལ་གནང་བ་ཙམ་ལས་དོན་དངོས་ཀྱི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་ཕྱིན་མེད་པའི་ཁར་ད་ཆ་ཕྱོགས་གཉིས་དབར་གྱི་འབྲེལ་ལམ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པའི་ཚོད་དཔག་གནང་བཞིན་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།