Tibetan Royal Year of 2151 | Year of the Wood Dragon

སྔོན་རྩིས་མ་དངུལ་སྒོར་ས་ཡ་ ༣༣༣༡ ལྷག་གཏན་འབེབས་ཐོག་གྲོས་ཚོགས་ཚོགས་དུས་ ༧ མཇུག་སྒྲིལ།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

དེ་རིང་ཕྱི་ཚེས་ ༢༩ ཉིན་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༧ པའི་ལས་ཉིན་མཐའ་མའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༢༤་་་༢༠༢༥ ལོའི་ལས་ཁུངས་མ་ལག་དང་བཅས་པའི་སྔོན་རྩིས་འགོད་དངུལ་ཧིན་སྒོར་ས་ཡ་ ༣༣༣༡ ལྷག་གཏན་འབེབས་ཐོག་གྲོས་ཚོགས་ཚོགས་དུས་ ༧ མཇུག་སྒྲིལ་གནང་སོང་།

དེ་ཡང་དེ་རིང་གྲོས་ཚོགས་སུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཙོས་པའི་ཁྲིམས་སྒྲིག་ཁག་གི་དོན་ཚན་བསྐྱར་བཅོས་གནང་བ་ཁག་མཐའ་མའི་གཏན་འབེབས་གནང་གྲུབ་མཚམས། ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་རྩིས་ལོ་ ༢༠༢༤ དང་ ༢༠༢༥ ལོའི་གཏོང་ལེན་དང་རྩིས་ཀྱི་འགན་དབང་གི་ཁྲིམས་ཡིག་གྲོས་ཚོགས་སུ་སྙན་སྒྲོན་དང་སྦྲགས། རྩིས་ལོ་ ༢༠༢༤་་༢༠༢༥ ལོའི་ལས་ཁུངས་མ་ལག་དང་བཅས་པའི་འགོད་དངུལ་ཧིན་སྒོར་ས་ཡ་ ༣༣༣༡,༠༢༢,༢༣༤ མང་མོས་ཐོག་གཏན་འབེབས་གནང་སོང་།

གོང་གསལ་གྱི་འགོད་དངུལ་ཕྱོགས་བསྡོམས་ནང་སྦེང་ལོར་ལྷོ་སྤྱི་ལས་ཁུངས་དང་། ས་འཐུས་མེད་པའི་ས་གནས་ཁག་བདུན། འཕྲོད་བསྟེན་ཁྱབ་ཁོངས་མངོན་དགའ་སློབ་གྲྭ་དང་། སྨན་རྩིས་ཁང་ཁག་ ༣ བཅས་ཀྱི་སྔོན་རྩིས་འགྲོ་འཆར་གྱི་མ་དངུལ་ཧིན་སྒོར་ ༥༧,༩༨༥,༧༨༡ ཚུད་ཀྱི་མེད་པ་རེད།

དེ་རིང་གྲོས་ཚོགས་ཚོགས་དུས་ ༧ མཇུག་སྒྲིལ་སྐབས། ད་རེས་ཀྱི་ཚོགས་དུས་དེའི་ཐོག་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་འབྲེལ་བའི་ཉེ་ལམ་གྱི་དཀའ་ངལ་མང་ཆེ་བ་ཞིག་སེལ་ཐུབ་ཡོད་པ་དང་། སྤྱི་འཐུས་གྲོས་ཚོགས་ནས་རིང་མིན་ཡོ་རོབ་ནང་བོད་དོན་ཞུ་གཏུག་གི་ལས་འགུལ་ཤུགས་ཆེ་རུ་གཏང་རྒྱུ་ཡིན་སྐོར་གསུངས་བ་མ་ཟད། མི་རིང་བར་སྤྱི་འཐུས་རྣམ་པའི་ས་འགོད་ཕྱོགས་བསྐྱོད་གནང་འཆར་དང་འབྲེལ། ལས་དོན་དེ་དག་ནི་མང་ཚོགས་དང་སྒྲིག་འཛུགས་དབར་འབྲེལ་མཐུད་གོང་འཕེལ་ཙམ་མ་ཟད། མང་ཚོགས་ཀྱི་བདེ་དོན་རྒྱུས་ལོན་ཐོག་གནད་འགག་ཆེན་པོ་ཆགས་ཡོད་སྟབས། མང་ཚོགས་ནས་ལས་དོན་དེ་དག་ཚགས་ཚུད་སླད་མཐུན་འགྱུར་གནང་དགོས་པའི་ནན་སྐུལ་གནང་སོང་།

ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ད་དུང་མ་འོངས་གྲོས་ཚོགས་ཀྱི་ལས་དོན་བཟང་དུ་གཏང་རྒྱུའི་ཐོག་སྤྱི་འཐུས་རྣམ་པས་དགོངས་པ་ཆེ་བཞེས་དགོས་པའི་ལམ་སྟོན་དང་། ལྷག་པར་རྒྱ་ནག་གཞུང་གིས་བོད་ནང་ཙམ་མ་ཟད། ཕྱི་སྡོད་བོད་མིའི་ཐོག་དམ་བསྒྲགས་དང་སུན་བཙེར་བཟོ་བཞིན་ཡོད་པ་དེར་གདོང་ལེན་གནང་དགོས་གལ། དེ་བཞིན་རྒྱ་གཞུང་གིས་བོད་མིའི་ཐོག་སྲིད་བྱུས་འདྲ་མིན་ལག་བསྟར་བྱས་པ་རྣམས་དོན་ལ་ལམ་ལྷོངས་བྱུང་གི་མེད་པར་མངོན་གསལ་ཡིན་པ་དང་འབྲེལ། རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས་བོད་མིའི་སྒྲིག་འཛུགས་ཤིག་ལ་ངོས་འཛིན་བྱས་ཏེ་རྒྱབ་སྐྱོར་བྱེད་བཞིན་ཡོད་པར་བརྟེན། རྒྱ་ནག་གི་ཕྱོགས་ནས་ཀྱང་བོད་མིའི་སྒྲིག་འཛུགས་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་གཞིར་བཟུང་ཕྱོགས་ཕན་ཚུན་དབར་ཡིད་ཆེས་བསླེབ་ཐུབ་པའི་ཁོར་ཡུག་བསྐྲུན་དགོས་གལ་ཡིན་པ་སོགས་གསུངས་སོང་།

རྩ་བའི་ད་རེས་ཀྱི་གྲོས་ཚོགས་ཚོགས་དུས་དེ་སྔོན་རྩིས་ཀྱི་གྲོས་ཚོགས་ཆགས་ཀྱི་ཡོད་པ་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༢༤་་༢༠༢༥ ལོའི་སྔོན་རྩིས་གཏན་འབེབས་དང་། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་དང་། གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གཏན་འབེབས། ལྷག་པར་དུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་ཁག་ ༣༠ དང་ཁྲིམས་སྒྲིག་ཁག་ ༨ ལྷག་གི་དོན་ཚན་ཁག་གཅིག་ལ་བསྐྱར་བཅོས་གཏན་འབེབས་གནང་བ་མ་ཟད། དཔལ་འབྱོར་བཀའ་བློན་སྤེན་པ་ཚེ་རིང་མཆོག་གིས་རྩིས་ལོ་ ༢༠༠༢་་༢༠༠༣ ནས་ ༢༠༢༢་་༢༠༢༣ བར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གནས་བབ་སྙན་ཐོ་གྲོས་ཚོགས་སུ་སྙན་སྒྲོན་དང་བགྲོ་གླེང་སོགས་གནང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།