Tibetan Royal Year of 2151 | Year of the Wood Dragon

Day 11

སྔོན་རྩིས་མ་དངུལ་སྒོར་ས་ཡ་ ༣༣༣༡ ལྷག་གཏན་འབེབས་ཐོག་གྲོས་ཚོགས་ཚོགས་དུས་ ༧ མཇུག་སྒྲིལ།

སྔོན་རྩིས་མ་དངུལ་སྒོར་ས་ཡ་ ༣༣༣༡ ལྷག་གཏན་འབེབས་ཐོག་གྲོས་ཚོགས་ཚོགས་དུས་ ༧ མཇུག་སྒྲིལ།

ཁྲིམས་ཞིབ་པ་རྣམ་པས་བཅའ་ཁྲིམས་ལ་གནོད་འགལ་བྱས་མེད་པས་གནོང་འགྱོད་མེད།

དེ་རིང་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་གཞན་གཉིས་དབུ་བཞུགས་ཐོག་གསལ་བཤད་ཀྱི་གསར་འགོད་ལྷན་ཚོགས་ཤིག་སྐོང་སྟེ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ངོས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་འོག་ལ་བཞུགས་ནས་ཕྱག་ལས་གནང་བ་མ་གཏོགས་དེར་གང་ཡང་བཟོ་མེད་སྟབས་གནོང་འགྱོད་མེད་ཅེས་གསུངས་སོང་།ཁ་སང་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པའི་ཐོག་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཞིག་གི་ཐོག་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༣ ནང་གསེས་ ༤ པའི་དགོངས་དོན་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་དང་ཁྲིམས་ཞིབ་པ་གཞན་ཀརྨ་དགྲ་འདུལ་མཆོག བསྟན་འཛིན་ལུང་རྟོགས་མཆོག་བཅས་འཕོ་འགྱུར་གནང་ཡོད་པ་ལྟར་དེ་རིང་ཉིན་རྒྱབ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཚོགས་ཁང་དུ་ཁྲིམས་ཞིབ་པ་ཆེ་བ་དང་གཞན་གཉིས་འཕོ་འགྱུར་གྱི་གྲོས་ཆོད་བཞག་པའི་ཐོག་གསལ་བཤད་ཀྱི་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་སོང་།སྐབས་དེར་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་གིས་སྤྱི་འཐུས་ལྷན་ཚོགས་ཀྱི་གཞུང་འབྲེལ་གྲོས་ཆོད་ཡིག་ཆ་ཨང་ ༣༩ པའི་ནང་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམས་ནས་ཁྲིམས་ཀྱིས་ངོས་བཞེས་ཞེས་པའི་བརྒྱུད་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ལ་ཁྲིམས་ཞིབ་རྩད་གཅོད་དང་ཁྲིམས་ཀྱི་ངོས་བཞེས་ཞེས་པའི་དབང་ཚད་ཡོད་ཚུལ་རྒྱལ་ཁབ་གཞན་གྱི་ཁྲིམས་སྒྲིག་དང་སྦྱར་ནས་ཞྭ་དཔེ་ལྷམ་འགེབས་བྱས་ནས་དེ་འབྲེལ་ཐག་གཅོད་ཀྱི་བཀོད་ཁྱབ་བཏང་བ་བཅས་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འགལ་བར་བརྟེན་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་འཕོ་འགྱུར་བཏང་ལུགས་བཀོད་ཡོད་པ་ལུང་དྲེན་གནང་སྟེ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ད་བར་བཅའ་ཁྲིམས་རིན་པོ་ཆེའི་འོག་ལ་བཞུགས་པའི་ཐོག་ནས་ཐག་གཅོད་གནང་བ་མ་གཏོགས་བཅའ་ཁྲིམས་དང་འགལ་བའི་ལས་དོན་རྩ་བ་ནས་གནང་མེད་པར་གསལ་བཤད་ལན་འདེབས་གནང་ཡོད། ཁོང་གིས་ད་དུང་སྤྱི་འཐུས་ལྷན་ཚོགས་ཀྱིས་འདོན་སྤེལ་གནང་བའི་གྲོས་ཆོད་དེའི་ནང་གསལ་ལྟར་ན། ཁྲིམས་ཞིབ་ཁང་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འགལ་ལུགས་བཀོད་པ་དེའི་སྒྲུབ་བྱེད་དང་པོར། ཁྲིམས་ཞིབ་ཁང་གི་བཀའ་ཁྱབ་དེ་བཅའ་ཁྲིམས་དོན་ཚན་ ༥༨ པའི་དགོངས་དོན་ལྟར་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ལ་ཁྲིམས་ཞིབ་རྩད་གཅོད་མི་ཆོག་པ་ཞིག་ལ་རྩད་ཞིབ་བྱས་པ་ཞིག་ལ་འགྲེལ་བརྗོད་གནང་བར་ངོས་ལེན་མེད་པ་དང་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་དོན་དངོས་བཅའ་ཁྲིམས་དོན་ཚན་ ༤༠ པ་འགལ་བའི་ཐོག་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་སྔོན་མ་གྲོལ་བ་ནས་ཟླ་བ་ ༦ ནང་ཚུན་ཚོགས་འདུ་རྗེས་མ་དབུ་ཚུགས་ཟིན་པ་དགོས་རྒྱུའི་དགོངས་དོན་ལ་གནོད་འགལ་བྱས་པ་དེར་རྩད་ཞིབ་བྱས་པ་ཞིག་ཡིན་ནའང་སྤྱི་འཐུས་ལྷན་ཚོགས་ནས་ད་བར་བཅའ་ཁྲིམས་དོན་ཚན་ ༤༠ པའི་ཐད་ལ་གང་ཡང་མ་གསུངས་པར་བཅའ་ཁྲིམས་དོན་ཚན་ ༥༨ འདི་རང་བགྲངས་ནས་གསུངས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢༥ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཀྱི་ཚོགས་མི་གྲངས་ ༡༡ ནས་བསམ་བཞིན་དུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བརྩི་མེད་བྱས་པའི་བྱེད་འཛོལ་ལ་ཆད་འགེལ་གྱི་ཐག་གཅོད་བཀའ་ཁྱབ་ཁྱབ་བསྒྲགས་བྱས་པའི་ནང་དུའང་སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ནས་བཅའ་ཁྲིམས་ཀྱི་དོན་ཚན་འདི་རང་བགྲངས་པ་ནི་སྐྱོན་མཚང་སྦས་ཐབས་སུ་ཁྲིམས་ཡིག་ལ་འགྲེལ་ལོག་བརྒྱབ་པ་ཞིག་ཡིན་པ་གསུངས་སོང་།དེ་བཞིན་ཆེས་མཐོའི་ཁྲིམས་ཞིབ་པས་སྒྲུབ་བྱེད་གཉིས་པར། ཁྲིམས་ཀྱིས་ངོས་བཞེས་ཞེས་པའི་དབང་ཚད་ཡོད་ཚུལ་ཞེས་ཁྲིམས་ཀྱིས་ངོས་བཞེས་འདི་རྒྱུན་ཆགས་ཁྲིམས་རྒྱུད་ནང་ལོ་ངོ་བརྒྱ་ཕྲག་རིང་ལག་བསྟར་བྱས་དང་བྱེད་མུས་ཀྱི་ཁྲིམས་བཤེར་གྱི་བྱ་རིམ་ཞིག་ཡིན་པ་ཙམ་ཡང་མ་རྟོགས་པར་རང་སྣང་ཚད་མར་བཞག་སྟེ་ཁྲིམས་ཞིབ་ཁང་ཁྲིམས་འགལ་ཡིན་པའི་རྒྱུ་མཚན་དུ་བགྲངས་ཡོད་པ་གསུངས་ཏེ། ཁྲིམས་ཀྱིས་ངོས་བཞེས་པ་ནི་བོད་ཀྱི་ཡུལ་མིའི་གཞི་རྩའི་ཐོབ་ཐང་དང་ཁྲིམས་ཀྱི་ཐོབ་ཐང་། སྤྱི་པའི་ཁེ་ཕན་བཅས་གནད་དོན་གསུམ་ཁོ་ནའི་ཐོག་ཁ་མཆུ་འཛུགས་མཁན་མ་དགོས་པར་ཁྲིམས་ཞིབ་ཁང་ནས་ཁ་མཆུ་ངོས་ལེན་དེབ་འགོད་བྱས་ཏེ་ཁྲིམས་ཞིབ་ལག་བསྟར་བྱེད་ཆོག་པའི་བྱ་རིམ་ཞིག་ཡིན་སྟབས། ཁྲིམས་ཞིབ་ཁང་ལ་བྱ་རིམ་འདི་ལག་བསྟར་བྱེད་པའི་དབང་ཆ་མེད་པར་བཟོས་ཚེ་མང་གཙོའི་ལམ་ལུགས་ནང་གལ་ཆེར་བཟུང་བའི་ལྗིད་མཉམ་སྟངས་འཛིན་གྱི་ལྟ་གྲུབ་འདི་ལག་བསྟར་བྱ་ཡུལ་མེད་པ་ཆགས་རྒྱུ་ཉག་གཅིག་ཡིན་པ་གསུངས་སོང་། ལྷག་པར་དུ་ཁྲིམས་ཞིབ་པ་ཆེ་བས་སྤྱི་འཐུས་ཚོགས་གཙོས་ཁ་སང་གྲོས་ཚོགས་ནང་སྤྱི་མང་གཏུག་བཤེར་བསྐྱར་བཅོས་གཏན་འབེབས་ཀྱི་ཡིག་ཆ་དེ་སྤྱི་ཚོགས་དྲྭ་ལམ་བརྒྱུད་ནས་མ་གཏོགས་དངོས་སུ་མཇལ་རྒྱུ་མ་བྱུང་གསུངས་པ་དེར་འགག་བྱ་དང་འབྲེལ། ཁྲིམས་ཀྱི་ངོས་བཞེས་ Suo moto ནི་སྤྱི་མང་གཏུག་བཤེར་བསྐྱར་བཅོས་ལྔ་པའི་སྐབས་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ཞིག་ཚོགས་གཙོ་དང་ཁྲིམས་ལུགས་རིགས་པའི་སྦྱངས་པ་ཐོན་པའི་མི་སྣ་གཙོ་བོར་གྱུར་པའི་ཚོགས་མི་ ༥ དང་ལས་རོགས་སུ་ཁྲིམས་དོན་ལས་བྱེད་གཉིས་བཅས་བསྐོ་འཛུགས་བྱས་པའི་ཁྲིམས་ཡིག་བསྐྱར་ཞིབ་ཚོགས་ཆུང་གི་སྙན་ཐོ་འབྱོར་བ་ལྟར་ཁྲིམས་ཞིབ་ལྷན་ཚོགས་ནས་ཞིབ་འཇུག་མཐིལ་ཕྱིན་བགྱིས་ཏེ་ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༡༤ ཉིན་གཏན་འབེབས་མཛད་པ་ཞིག་ཡིན་པ་དང་དེ་ནི་སྤྱི་མང་ཁྲིམས་ཡིག་ལག་བསྟར་འགོ་འཛུགས་བྱས་པ་ནས་བཟུང་ཁྲིམས་ཡིག་བསྐྱར་ཞིབ་ཚོགས་ཆུང་བཙུགས་པ་ཐོག་མ་ཡིན་པ་དང་བསྐྱར་བཅོས་དེའི་སྐབས་སུ་སྤྱི་མང་ཁྲིམས་ཡིག་གི་དོན་ཚན་ཧ་ཅང་མང་པོར་བསྒྱུར་བ་བཏང་ཡོད་པ་ནི་ ༢༠༡༩ ཟླ་ ༡༠ ཚེས་ ༡༦ ཉིན་བཀའ་ཤག་དང་སྤྱི་འཐུས་གཉིས་ཀར་བསྐྱར་བཅོས་གཏན་འབེབས་ཀྱི་ཡིག་ཆ་ཕུལ་ཟིན་པ་ནས་མཁྱེན་ངེས་རེད་ཅེས་ནན་བཤད་གནང་སོང་།ཁོང་གིས་དུ་དུང་ཁྲིམས་ཀྱི་ངོས་བཞེས་འདི་ཁྲིམས་ཡིག་བསྐྱར་ཞིབ་ཚོགས་ཆུང་གི་སྙན་ཐོའི་ནང་འཆར་འབུལ་ཞུས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༤ ཉིན་ཁྲིམས་ཞིབ་ཁང་ནས་བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་གི་ཚོགས་མི་སློབ་དཔོན་ཟམ་གདོང་རིན་པོ་ཆེ་གདན་ཞུས་ཀྱིས་བཅའ་ཁྲིམས་ཀྱི་དོན་ཚན་ཁག་ཅིག་ལ་བཀའ་འདྲི་ཞུས་སྐབས་བཀའ་ལན་ཇི་སྩལ་ལུང་འདྲེན་གནང་ཡོད། ལར་ནས་ཁྲིམས་ཞིབ་པ་ཆེས་བས་ཁྲིམས་ཞིབ་པ་ཆེ་བ་དང་གཞན་གཉིས་འཕོ་འགྱུར་གཏོང་རྒྱུའི་སྐུ་དབང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཡོད་པ་སྨོས་མེད་ཡིན་ནའང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་སྒྲིག་གཞི་ཁག་ནང་ཁྲིམས་ཞིབ་པ་ཆེ་བ་དང་གཞན་གཉིས་འཕོ་འགྱུར་གཏོང་བའི་གཞི་རྩར་འཚབས་ཆེའི་ངན་སྤྱོད་དམ་ལས་འགན་མ་ཐེག་པ་ཇི་ཡིན། ཡང་ན་ལག་བསྟར་བྱ་རིམ་གང་ཡང་མེད་བཞིན་དུ་སྤྱི་ལྷན་གྱི་གྲོས་ཆོད་དེའི་ནང་བཙན་བྱོལ་བོད་མིའི་ཅའ་ཁྲིམས་དོན་ཚན་ ༦༣ ནང་གསེས་ ༤ གཞིར་བཟུང་སྟེ་འཕོ་འགྱུར་བཏང་བ་ཡིན་ལུགས་བཀོད་པ་ནི་ཁྲིམས་ཞིབ་པ་ཆེ་བ་དང་གཞན་གཉིས་ཀྱི་ཡུན་ཚད་སྐོར་ལ་ཡིན་པ་ལས་འཕོ་འགྱུར་གཏོང་རྒྱུའི་བྱ་རིམ་ཞིག་མིན་ལ། ཁྲིམས་ཡིག་གི་གཞི་རྩ་མེད་པར་འཕོ་འགྱུར་གྱི་བྱ་རིམ་ལག་བསྟར་བྱས་པ་ནི་ཁྲིམས་འགལ་ཡིན་པ་མ་ཚད། མ་འོངས་པར་བོད་མིའི་སྒྲིག་འཛུགས་འཐོར་ཞིག་ཏུ་འགྲོ་རྒྱུའི་ཉེན་ཁ་འཚབས་ཆེན་ཞིག་བྱེད་སྟངས་འདི་རིགས་ནང་སྦས་ཡོད་ཅེས་ནན་བརྗོད་གནང་སོང་། མཐའ་མར་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང་གཞན་གཉིས་ཀྱི་འགན་དབང་བཞེས་ཡུན་རིང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བྱ་ར་ཞུ་རྒྱུ་ནི་འདོར་དུ་མེད་པའི་དམ་བཅའ་དང་པོ་ཡིན་སྟབས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་འཕོ་འགྱུར་གཏོང་རྒྱུའི་སྐུ་དབང་ཡོད་པའི་བཅའ་ཁྲིམས་ཀྱི་དགོངས་དོན་ལ་བརྩི་བཀུར་ཞུས་ཏེ་དེ་རིང་གསལ་བཤད་འདི་གྲུབ་པའི་རྗེས་ལས་གནས་ནས་ཕྱིར་བཤོལ་གནང་གི་ཡོད་ཀྱང་ང་ཚོར་བཅའ་ཁྲིམས་ལ་བྱ་ར་བྱེད་པའི་གོ་སྐབས་བྱུང་བར་སྤོབས་པ་ཡོད་པ་དང་བཅའ་ཁྲིམས་ལ་གནོད་འགལ་བྱས་པའི་གནོང་འགྱོད་གཏན་ནས་མེད་ཅེས་བསྐྱར་ནན་གནང་ཡོད།

ཆེས་མཐོའི་ཁྲིམས་ཞིབ་པ་རྣམས་འཕོ་འགྱུར་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས།

ཁ་སང་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པའི་ཐོག་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཞིག་གི་ཐོག་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༣ ནང་གསེས་ ༤ པའི་དགོངས་དོན་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་དང་ཁྲིམས་ཞིབ་པ་གཞན་ཀརྨ་དགྲ་འདུལ་མཆོག བསྟན་འཛིན་ལུང་རྟོགས་མཆོག་བཅས་འཕོ་འགྱུར་བཏང་བ་དང་འབྲེལ་ནས་བཅའ་ཁྲིམས་ནང་དུ་བསྐྱར་བཅོས་ཁག་ཅིག་གནང་སོང་།སྔ་ལོར་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་ཁྲོད་གྲོས་ཚོགས་ཀྱི་ཚོགས་དུས་འཕར་འགྱངས་གནང་བའི་གནད་དོན་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་སྤྱི་འཐུས་ལྷན་ཚོགས་དབར་དཀའ་རྙོག་དེ་བྱུང་བ་དང་འབྲེལ་ནས་ཁ་སང་ཁྲིམས་ཞིབ་པ་འཕོ་འགྱུར་དང་དེ་རིང་བཅའ་ཁྲིམས་བསྐྱར་བཅོས་ཀྱི་གནད་དོན་དེ་དག་བསྣམས་ཡོད་སྟབས།དེ་རིང་གྲོས་ཚོགས་སུ་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཁག་ ༩ ཙམ་བསྣམས་ཡོད་པའི་ནང་དོན་ཚན་  ༤༠ པ་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་ཞེས་པའི་ཚིག་བརྗོད་ཁྲོད་ཚོགས་འདུ་སྔོན་མ་གྲོལ་བ་ནས་ཟླ་དྲུག་ནང་ཚུན་ཚོགས་འདུ་རྗེས་མ་དབུ་ཚུགས་ཟིན་པ་དགོས་རྒྱུ་ཞེས་དེ་སྔ་ནས་འཁོད་པའི་ཐོག འོན་ཀྱང་ནད་ཡམས་དང་། དམག་འཁྲུག འབྱུང་བའི་འཇིག་པ་བཅད་གང་རུང་དབང་གིས་དཀའ་ངལ་སྡོག་མེད་འཕྲད་སྐབས་ཚོགས་འདུ་འཕར་འགྱངས་བྱ་ཆོག་པ་དང་། དུས་ཚོད་ངེས་ཅན་ནང་སྔོན་རྩིས་འཆར་འབུལ་དང་བཀའ་འཁྲོལ་བྱ་དགོས་རྣམས་སྤྱི་འཐུས་རྒྱུན་ལས་ཚོགས་ཆུང་གི་ཞིབ་འཇུག་དང་འབྲེལ་བཀའ་འཁྲོལ་གཏན་འབེབས་བྱ་ཆོག་ཅེས་བསྐྱར་བཅོས་ཕེབས་ཡོད་པ། དེ་བཞིན་ད་ལྟའི་ཁྲིམས་ཞིབ་པ་མེད་པའི་གནས་སྟངས་ལྟ་བུ་དང་འབྲེལ། བཅའ་ཁྲིམས་དོན་ ༦༣ པ་དང་ ༩༧ པ་ ༡༠༡ དེ་བཞིན་ ༡༠༧ ནང་དུ་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་བཅས་སོ་སོའི་གོ་ཡུལ་སྟོང་པ་ནམ་ཐོན་ཞེས་པའི་གྲུ་དོན་དང་། དབུས་འོས་བསྡུ་ལས་ཁང་ལ་སྤྱི་ཁྱབ་འགན་འཛིན་གཅིག་དགོས་པར་གོ་ཡུལ་སྟོང་པ་ནམ་ཐོན། དེ་བཞིན་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་གཅིག་དང་ཚོགས་མི་གཉིས་ནས་བཞིའི་བར་དགོས་པར། གོ་ཡུལ་སྟོང་པ་ནམ་ཐོན་བཅས་ལ་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། སྲིད་སྐྱོང་བཅས་ནས་སྐབས་དེའི་འོས་མི་འདེམས་སྒྲུག་ཁོ་ནའི་ཆེད་མི་འགྲོ་གསུམ་དམིགས་འཛུགས་གནང་བའི་ཚོགས་ཆུང་དེས་ཉིས་ལྡབ་ལས་མ་ཉུང་བའི་འོས་འཆར་ཕུལ་བར་སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུ་བྱས་ཏེ་མང་མོས་སུ་ཐོབ་ལ་ཁྲིམས་ཞིབ་པ་དང་འདེམས་བསྐོ་ལྷན་ཁང་དང་རྩིས་ཞིབ་ལྷན་ཁང་གི་ཚོགས་གཙོ་དང་ཚོགས་མིར་འོས་ཐོན་བྱུང་བར་ངོས་འཛིན་བྱ་རྒྱུ་ཞེས་པ་བཅས་ལ་ཁྲིམས་སྒྲིག་བསྐྱར་བཅོས་ཕེབས་ཁག་ནང་དུ་གོ་ཡུལ་སྟོང་པ་ནམ་ཐོན་ལ་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང་། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། སྲིད་སྐྱོང་བཅས་ཚང་འཛོམས་བྱུང་ན་སྨོས་མེད་དང་། གལ་ཏེ་ཚང་འཛོམས་མ་ཐུབ་ཚེ་ངོ་ཡོད་ལྷན་ཚོགས་ཀྱིས་སྐབས་དེའི་འོས་མི་ཞེས་སོགས་ཚིག་བརྗོད་ཁ་སྣོན་གནང་འདུགདེ་བཞིན་བཅའ་ཁྲིམས་དོན་ཚན་ ༦༧ པ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་རྩ་འཛིན་ཁྲིམས་ཡིག་དང་སྒྲིག་གཞི་ཞེས་པའི་ནང་དུ། བཅའ་ཁྲིམས་འདི་དང་སྤྱི་འཐུས་ལྷན་ཚོགས་ནས་གཏན་ལ་ཕབ་པའི་ཁྲིམས་ལུགས་གང་རུང་གི་དོན་ཚན་ཁག་གཞིར་བཟུང་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁྲིམས་ཞིབ་ཁང་གི་རྩ་འཛིན་ཁྲིམས་ཡིག་དང་འགྲོ་ལུགས་སྒྲིག་གཞི་བཅས་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་བཅས་སྤྱི་མོས་ཀྱིས་བཟོ་འགོད་གཏན་འབེབས་ལྟར་རྩ་འཛིན་ལག་བསྟར་བྱ་རྒྱུ་ཞེས་འཁོད་པའི་ཚབ་ཏུ། བཅའ་ཁྲིམས་འདི་དང་སྤྱི་འཐུས་ལྷན་ཚོགས་ནས་གཏན་ལ་ཕབ་པའི་ཁྲིམས་ལུགས་གང་རུང་གི་དོན་ཚན་ཁག་གཞིར་བཟུང་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁྲིམས་ཞིབ་ཁང་གི་རྩ་འཛིན་ཁྲིམས་ཡིག་དང་འགྲོ་ལུགས་སྒྲིག་གཞི་བཅས་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་བཅས་སྤྱི་མོས་ཀྱིས་བཟོ་འགོད་འཆར་འབུལ་ལ་སྤྱི་འཐུས་ལྷན་ཚོགས་ནས་བཀའ་འཁྲོལ་གཏན་འབེབས་ལྟར་རྩ་འཛིན་ལག་བསྟར་བྱ་རྒྱུ་ཞེས་བསྐྱར་བཅོས་ཕེབས་ཡོད་པ་བཅས་བཅའ་ཁྲིམས་དོན་ཚན་ ༤༠ དང་ ༦༣། ༦༧། ༩༧། ༡༠༡། ༡༠༧ བཅས་བསྐྱར་བཅོས་ཁྲིམས་འཆར་དེ་རིང་གྲོས་ཚོགས་ནས་མང་མོས་ཀྱིས་གཏན་འབེབས་གནང་སོང་།དེ་བཞིན་དེ་རིང་གི་ཁྲིམས་འཆར་བསྐྱར་བཅོས་ཁྲོད། དོན་ཚན་ ༥ པ་བཅའ་ཁྲིམས་ཀྱི་ཚད་འཛིན་ཞེས་པའི་ནང་གསེས་དོན་ཚན་ ༢ པ་སྟེ། གོང་གསལ་རྣམས་ཀྱི་གནད་དོན་བཅའ་ཁྲིམས་འདིའི་དོན་ཚན་ཁག་དང་འགལ་མིན་རྩོད་གླེང་བྱུང་ཚེ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཐག་གཅོད་བྱ་རྒྱུ་ཞེས་འཁོད་ཡོད་པའི་ཚབ་ཏུ། གོང་གསལ་རྣམས་ཀྱི་དོན་གནད་བཅའ་ཁྲིམས་འདིའི་དོན་ཚན་ཁག་དང་འགལ་མིན་རྩོད་གླེང་གིས་ཞུ་གཏུག་བྱུང་ཚེ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཐག་གཅོད་བྱ་རྒྱུ་ཞེས་བསྐྱར་བཅོས་ཀྱི་གྲོས་འཆར་དང་། བཅའ་ཁྲིམས་དོན་ཚན་ ༥༨ པ་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ལ་ཁྲིམས་ཞིབ་རྩད་གཅོད་མི་ཆོག་པ་ཞེས་པའི་ནང་གསེས་དོན་ཚན་དང་པོར། སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གང་ཞིག་ཚད་ལྡན་ཡིན་མིན་དང་ཐག་གཅོད་བྱེད་ཕྱོགས་ལྷན་ཚོགས་ཀྱི་སྒྲིག་གཞི་དང་མཐུན་མིན་ལ་བསྙེད་དེ་ཁྲིམས་ཞིབ་ཁང་ནས་རྩད་གཅོད་མི་ཆོག་ཅེས་པའི་ཚབ་ཏུ། སྤྱི་འཐུས་ལྷན་ཚོགས་དང་སྤྱི་འཐུས་རྒྱུན་ལས། གཞན་ཡང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཆུང་ཁག་གི་ལས་དོན་གང་ཞིག་ཚད་ལྡན་ཡིན་མིན་དང་ཐག་གཅོད་བྱེད་ཕྱོགས་བཅའ་ཁྲིམས་དང་སྒྲིག་གཞི་ཁག་དང་མཐུན་མིན་ལ་བསྙེད་དེ་ཁྲིམས་ཞིབ་ཁང་ནས་རྩད་གཅོད་མི་ཆོག་ཅེས་པའི་ཚིག་བརྗོད་ལ་བསྒྱུར་བ་། དེ་བཞིན་བཅའ་ཁྲིམས་དོན་ཚན་ ༦༦ པ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དབང་ཚད་ཅེས་པའི་ནང་གསལ་ ༢ པ་བཙན་བྱོལ་དུ་གནས་རིང་གནས་ཡུལ་རྒྱལ་ཁབ་སོ་སོའི་ཁྲིམས་འོག་ཏུ་གནས་དགོས་སྟབས། ནག་ཉེས་དང་ཁར་དབང་རྩོད་རྙོག་གི་ཁྲིམས་ཞིབ་བྱ་རྒྱུར་འབྲེལ་བ་མེད་ནའང་གཙོ་ཆེར། ཞེས་པའི་ནང་གསེས་ཆ་པ་སྟེ། གོང་གསལ་དོན་ཚན་ཁག་ནང་མ་གསལ་བའི་རྩོད་གཞི་ཁག་བཅས་ལ་གཟུ་བོའི་ཚུལ་གྱི་ཁྲིམས་ཞིབ་ཐག་གཅོད་བྱ་རྒྱུ་དང་། ཞེས་པའི་ནང་ཆ་པ་དེ་ཕྱིར་བསྡུ་ཞུ་རྒྱུ་བཅས། བཅའ་ཁྲིམས་དོན་ཚན་ ༥ པ་དང་ ༥༨། དེ་བཞིན་དོན་ ༦༦ བཅས་ཀྱི་བསྐྱར་བཅོས་ཁྲིམས་འཆར་ལ་གྲོས་ཚོགས་སུ་མང་མོས་ཀྱི་རྩ་འབོར་གསུམ་ཆ་གཉིས་ནས་རྒྱབ་སྐྱོར་མ་ལོན་པར་བརྟེན་གཏན་འབེབས་གནང་ཐུབ་མེད་པ་རེད།དེ་བཞིན་དེ་རིང་གི་གྲོས་ཚོགས་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེས་ཕྱོགས་ཀྱི་སྒྲིག་གཞི་དོན་ཚན་ ༧༨ དང་བོད་མི་མང་སྤྱི་འཐུས་རྣམས་ཀྱི་མཚན་མཐོང་དོད། ཉིན་རེའི་ལས་དོད། ཐོབ་ཐང་བཅས་ཀྱི་སྒྲིག་གཞི། བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་ལོ་འཁོར་སྔོན་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞི་ཁག་སྤྱི་མོས་དང་མང་མོས་ཀྱིས་གཏན་འབེབས་གནང་སོང་།དེ་རིང་གི་གྲོས་ཚོགས་ལས་ཉིན་ ༡༡ པའི་ཐོག་ལ་གཞུང་འབྲེལ་བཅའ་ཁྲིམས་བསྐྱར་བཅོས་ཁྲིམས་འཆར་ཁག་ཅིག་གཏན་འབེབས་གནང་གྲུབ་བསྟུན་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༡༠ པའི་སྙན་ཐོ་སྙན་སྒྲོན་གནང་སོང་བ་དང་སང་ཉིན་མུ་མཐུད་ནས་ལས་རིམ་དེའི་ཐོག་ཕེབས་རྒྱུ་རེད་འདུག  

བོད་རྒྱ་འབྲེལ་མོལ་གྱི་གནད་དོན་དེ་༸གོང་ས་མཆོག་ནས་གནང་བ་ལས་བོད་མིའི་སྒྲིག་འཛུགས་ནས་གནང་དཀའ་སྐོར་གསུངས་པ།

དེ་རིང་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༠ པའི་ལས་ཉིན་ ༡༡ པའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཉེ་སྔོན་གྲོས་ཚོགས་ཀྱི་ལས་ཉིན་ ༧ པའི་ཐོག་སྤྱི་འཐུས་རྣམས་ནས་བགྲོ་གླེང་གནང་ཟིན་པ་ལྟར་ཆབ་སྲིད་དང་འབྲེལ་བའི་གལ་ཆེའི་གནད་དོན་ཐད་བཀའ་ཤག་གི་གསལ་བཤད་ལེན་འདེབས་གནང་སྐབས་འདས་པའི་ལོ་བཅུའི་ཉམས་མྱོང་ལ་གཞིགས་ཏེ་རྒྱ་ནག་གཞུང་གི་ངོས་ནས་བོད་མིའི་སྒྲིག་འཛུགས་དང་སྲིད་སྐྱོང་ལ་ངོས་ལེན་རྩ་བ་ནས་བྱེད་ཀྱི་མེད་སྟབས་བོད་རྒྱ་འབྲེལ་མོལ་གྱི་གནད་དོན་དེ་༸གོང་ས་མཆོག་༸སྐུ་ཉིད་མཆོག་ནས་གནང་ན་མ་གཏོགས་བོད་མིའི་སྒྲིག་འཛུགས་དང་བཀའ་ཤག་ནས་གནང་དཀའ་བའི་ངེས་པ་རྙེད་པ་ཞིག་བྱུང་ཞེས་གསུངས་སོང་།དེ་རིང་སྔ་དྲོའི་ཚོགས་ཐེངས་དང་པོ་འདི་བཞིན་བཀའ་ཤག་གི་གསལ་བཤད་ཐོག་སྤྱི་འཐུས་རྣམས་ནས་བགྲོ་གླེང་གནང་ཟིན་ཁག་ལ་ལེན་འདེབས་གསལ་བཤད་ཐོག་ཕེབས་པ་དང་འབྲེལ་ནས་སྲིད་སྐྱོང་མཆོག་གིས་ཉེ་སྔོན་གསུམ་བཅུའི་དུས་དྲན་སྐབས་བོད་ནང་གི་ཛ་དྲག་གནས་སྟངས་ཐད་བཀའ་ཤག་གི་གསུང་འཕྲིན་ཕེབས་མ་ཐག་པ་དང་། ཐེངས་འདིའི་གྲོས་ཚོགས་ཀྱི་ཚོགས་དུས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོད་ཆོས་གྲོས་འཆར་གཏན་འབེབས་གནང་བར་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ནས་བོད་ཀྱི་རྩ་དོན་སེལ་རྒྱུར་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་འོག་ནས་བོད་རྒྱ་འབྲེལ་མོལ་ཡོང་ཆེད་འབད་བརྩོན་ཇི་ཙམ་གནང་མིན་ལ་མ་ལྟོས་མར་འབྲེལ་མོལ་ཡོང་ཁག་པོ་ཆགས་པར་བརྟེན་བོད་མིའི་ངོས་ནས་རྒྱལ་སྤྱིའི་རྒྱབ་སྐྱོར་འཚོལ་བ་དང་འབྲེལ་ནས་རྒྱ་ནག་ལ་འབྲེལ་མོལ་དགོས་པའི་གནོན་ཤུགས་སྤྲོད་དགོས་སྐོར་འཁོད་དོན་ལྟར་དེ་སྔའི་རྒྱལ་སྤྱིའི་ཁྲོད་བོད་དོན་རྒྱབ་སྐྱོར་གྱི་གནས་བབ་ཐོག་ནས་གསལ་བཤད་གནང་ཡོད་སྐོར་གསུངས་པ་དང་ཆབས་ཅིག དེ་བཞིན་དེའི་ཐོག་སྤྱི་འཐུས་རྣམས་ཀྱིས་བཀའ་འདྲི་ཁག་ཅིག་ཕེབས་པའི་ཁྲོད་དེ་སྔའི་བཀའ་བློན་ཁྲིད་པ་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་༸གོང་ས་མཆོག་གི་ཆབ་སྲིད་ཀྱི་༸སྐུ་དབང་རྩིས་སྤྲོད་གནང་བ་དང་འབྲེལ་ཉེན་ཁ་བཅུ་ཞེས་གསུངས་ཡོད་པའི་ཐོག་ནས་ལན་འདེབས་གནང་ཡོད།དེའི་ཁྲོད་ཉེན་ཁ་ ༡༠ ཞེས་པའི་གསུང་བཤད་གནང་བའི་དོན་ཚན་ ༥ པ་སྟེ་༸གོང་ས་མཆོག་ནས་༸སྐུ་དབང་རྩིས་སྤྲོད་གནང་བའི་རྗེས་སུ་བོད་རྒྱ་འབྲེལ་མོལ་ཡོང་བར་དཀའ་ངལ་འཕྲད་ངེས་ཡིན་སྐོར་གསུངས་པ་དེར་ངོས་ལེན་ཞུས་པ་དང་། ད་ལྟའི་རྒྱ་ནག་གཞུང་འཛིན་གྱི་ལྟ་བ་ཧ་ཅང་མཁྲེགས་པོ་འཛིན་བཞིན་ཡོད་པ། ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ངོས་ནས་བོད་རྒྱ་འབྲེལ་མོལ་དང་འབྲེལ་བའི་གནང་སྒོ་ཁག་ད་ལྟའི་ཆར་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་རྒྱ་ཡིག་ཚན་པས་འགན་བཞེས་རྒྱུ་ཡིན་པར་བཀའ་སྩལ་བ་བཅས་ལུང་འདྲེན་གྱིས་བོད་རྒྱ་འབྲེལ་མོལ་གྱི་གནད་དོན་དེ་༸གོང་ས་མཆོག་༸སྐུ་ཉིད་མཆོག་ནས་གནང་ན་མ་གཏོགས་བོད་མིའི་སྒྲིག་འཛུགས་དང་བཀའ་ཤག་ནས་གནང་དཀའ་བའི་ངེས་པ་རྙེད་པ་ཞིག་བྱུང་ཞེས་གསུངས་སོང་། སྲིད་སྐྱོང་མཆོག་གིས་སྐབས་དེར་བཀའ་བློན་ཁྲི་ཟུར་མཆོག་གིས་ཉེན་ཁ་བཅུའི་ཐོག་གསུང་བཤད་གནང་བ་ལས་༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་༸སྐུ་དབང་རྩིས་སྤྲོད་གནང་བའི་རྗེས་སུ་བོད་དོན་ཐོག་རྒྱལ་སྤྱིའི་ཁྲོད་བོད་མིའི་སྒྲིག་འཛུགས་ལ་ངོས་ལེན་དང་རྒྱབ་སྐྱོར་ཉུང་ངུ་འགྲོ་ཉེན་དང་རྒྱབ་སྐྱོར་བ་གསར་པ་རག་དཀའ་བ་ཆགས་ཉེན། བོད་ནང་དང་ཕྱི་རྒྱལ་ཁག་ཏུ་བཞུགས་པའི་བོད་མི་རྣམས་ནས་སྒྲིག་འཛུགས་ལ་ཁྲིམས་མཐུན་ངོས་ལེན་ཞུ་མཁན་ཉུང་ངུ་འགྲོ་ཉེན། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་མཐུན་གྱི་གཞི་རྩར་བཟུང་ཁག་པོ་ཆགས་ཉེན། དེ་བཞིན་གཞིས་བྱེས་བོད་མིའི་མཉམ་རུབ་ཀྱི་ནུས་པ་ཉམས་ཉེན། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གྱི་གནས་བབ་ཉམས་ཉེན་བཅས་འཁོད་ཡོད་པ་མཐའ་དག་འདས་པའི་ལོ་བཅུའི་ནང་༸གོང་ས་མཆོག་གི་བཀའ་དྲིན་འོག་ནས་རང་ཉིད་དང་ཕྱག་རོགས་རྣམ་པས་འབད་བརྩོན་ལྷད་མེད་གནང་བར་བརྟེན་ཉམས་རྒྱུ་འགྲོ་བ་ལས་ལྡོག་ནས་གོང་འཕེལ་ཕྱིན་ཡོད་སྐོར་གསུངས་སོང་།ཉེ་ཆར་ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཏན་འབེབས་དང་དེའི་ནང་བོད་མིའི་སྒྲིག་འཛུགས་དང་སྲིད་སྐྱོང་ལ་ངོས་འཛིན་ཡོད་པ། ཡུ་རོབ་དང་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་བ་སྔར་ལྷག་ཡོད་པ། དེང་སྐབས་བཙན་བྱོལ་བོད་མིའི་ས་ཕྱོགས་གང་ས་ནས་སྲིད་སྐྱོང་དང་སྤྱི་འཐུས་སུ་བཞེངས་མཁན་ཧ་ཅང་མང་པོ་ཆགས་ཡོད་པ་དེ་དག་ལས་བཙན་བྱོལ་བོད་མིའི་ཁྲོད་བོད་མིའི་སྒྲིག་འཛུགས་ལ་ངོས་འཛིན་དང་ངོས་ལེན་སྔར་ལྷག་ཡོད་པ། དེ་བཞིན་བོད་ནང་དུའང་རྒྱ་གཞུང་གིས་དྲག་གནོན་ཇི་ཙམ་བྱས་དང་བྱེད་མུས་ལ་ལྟོས་མེད་བོད་མི་ཚོས་རང་ལུས་མེར་བསྲེགས་གནང་བ་གཙོས་ངོ་རྒོལ་གྱི་ལས་འགུལ་རྒྱུན་ཆད་མེད་པ་སྤེལ་བཞིན་པ་ལས་གཞིས་ལུས་བོད་མི་རྣམས་ཀྱི་ཆོད་སེམས་སྔར་བཞིན་བརྟན་པོ་ཡོད་པ། བཅའ་ཁྲིམས་རིན་པོ་ཆེའི་དོན་ཚན་ ༡ ནང་དུ་༸གོང་ས་མཆོག་ནི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་ཡིན་པ་དང་། མགོན་པོ་༸གང་ཉིད་མཆོག་ལ་རང་ཆས་སུ་ཡོད་པའི་༸སྐུ་དབང་ཡོད་ཅེས་འཁོད་པ་དེ་ནི་ཁྲིམས་མཐུན་རང་གནས་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་མ་དངུལ་ས་ཡ་ ༡༠༠༠ ཙམ་ནས་ ༢༠༠༠ ལྷག་འཕར་ཆ་བྱུང་ཡོད་པ་སོགས་ཀྱི་ཐོག་ནས་གསལ་པོ་རྟོགས་རྒྱུ་ཡོད་པ་གསུངས་ཡོད།

Latest news