Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་གིས་དྲ་རྒྱ་བརྒྱུད་ནས་རྒྱལ་ཁབ་ཁ་བྲལ་གཏོང་མཁན་ལ་རྡུང་རྡེག་གཏོང་རྒྱུ་ཡིན་ཟེར།

Tibetan News Headlines

  • 14th General body meeting of TWA concludes with Tsering Dolma as the new President
  • Abbot of Tashi Lhunpo urges active support on Panchen Lama issue ahead of rinpoche’s35th birthday
  • Dalai Lama grants audience to members of Indian journalist fraternity
  • Long time president of SOS Children’s village Helmut Kutin passes away at 82
  • US Senate passes bill to force sale of TikTok, sending it to Biden
  • Launch of Shivdham Kailash Mansarovar Tibet freedom association marks global initiative for religious freedom

རེས་གཟའ་ལྷག་པ། ༢༠༢༤།༠༤།༢༤

  • བུད་མེད་ལྷན་ཚོགས་སྐབས་ ༡༤ པའི་དབུས་སྤྱི་ཁྱབ་རྒྱུན་ལས་གསར་བསྐོ་དང་འབྲེལ་ཚོགས་ཆེན་ཐེངས་ ༡༤ པ་མཇུག་སྒྲིལ།
  • ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གནད་དོན་ཐོག་མི་མང་ནས་གོ་རྟོགས་ཀྱི་ལས་འགུལ་སྤེལ་གནང་ཡོང་བའི་སྐུལ་འདེབས།
  • འཛམ་གླིང་གི་ཡང་དག་པའི་བསམ་བློ་བ་ཕལ་མོ་ཆེས་སྐུའི་ཡང་སྲིད་ཀྱི་སྐུ་དབང་༸གོང་ས་མཆོག་༸གང་ཉིད་ལ་ཡོད་པ་ངོས་འཛིན་གནང་འདུག
  • རྒྱལ་སྤྱིའི་ SOS བུ་ཕྲུག་ཁྱིམ་སྡེའི་ཚོགས་གཙོ་ཟུར་པ་ Helmut Kutin མཆོག་འདས་གྲོངས་སུ་གྱུར་འདུག
  • རྒྱ་ནག་གི་ཊིག་ཊོག་མཉེན་ཆས་བཀག་སྡོམ་དང་འབྲེལ་བའི་ཁྲིམས་འཆར་ལ་གྲོས་ཚོགས་གོང་མའི་རྒྱབ་སྐྱོར་ཐོབ་འདུག
  • གངས་རིན་པོ་ཆེའི་གནས་མཆོག་དེ་ཉིད་རྒྱའི་དབང་སྒྱུར་ནས་བཅིངས་གྲོལ་ཐུབ་ཆེད་ཚོགས་པ་གསར་འཛུགས།

རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་ཆ་འཕྲིན་དང་དྲ་རྒྱ་སྤྱད་དེ་རྒྱལ་ཁབ་ཁ་བྲལ་གཏོང་བ་དང་རྒྱལ་ཁབ་གཅིག་གྱུར་ལ་གཏོར་བཤིག་གཏོང་བའི་བྱེད་སྒོ་སྤེལ་མི་ཆོག་ཅེས་པའི་བརྡ་ཁྱབ་ཞིག་ཕྱིར་བསྒྲགས་ཀྱིས་བོད་མི་རྣམས་ཀྱིས་དྲ་རྒྱ་བེད་སྤྱོད་གཏོང་ཕྱོགས་ལ་དམ་དྲག་ཤུགས་ཆེར་གཏོང་རྒྱུའི་གསལ་བསྒྲགས་ཤིག་སྤེལ་འདུག

ཟླ་འདིའི་ཚེས་ ༢༤ ཉིན། རྒྱ་ནག་གིས་ས་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི་ཉེན་རྟོག་རུ་ཁག་དང་བོད་རང་སྐྱོང་ལྗོངས་ཀྱི་མཉམ་སྦྲེལ་གྱི་དྲ་རྒྱའི་ཆ་འཕྲིན་གཞུང་ལས་ཁང་། དེ་བཞིན་བོད་རང་སྐྱོང་ལྗོངས་ཀྱི་འཕྲིན་གཏོང་དོ་དམ་ལས་ཁུངས་སོགས་ཀྱིས་བོད་ཁུལ་དུ་བོད་མི་རྣམས་ཀྱིས་གཟབ་གཟབ་གནང་དགོས་པའི་དོན་ཚན་བཅུ་ཅན་གྱི་གཞུང་འབྲེལ་གྱི་བསྒྲགས་གཏམ་ཞིག་ཕྱིར་བསྒྲགས་བྱས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་མཁན་སྤྱི་ཚོགས་གླེང་སྟེགས་ལ་ཞུགས་པ་དང་། VPN དྲ་རྒྱའི་ལག་རྩལ་སོགས་ཀྱི་ཐོག་ནས་རྒྱལ་ཁབ་ཁ་བྲལ་གྱི་ལས་ལ་ཞུགས་མཁན་རྣམས་ལ་རྡུང་རྡེག་ཚ་ནན་གཏོང་རྒྱུ་ཡིན་པར་བསྒྲགས་འདུག
གསལ་བསྒྲགས་དེའི་ནང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་དོན་བཅའ་ཁྲིམས་དང་རྩིས་འཁོར་གྱི་ཆ་འཕྲིན། རྒྱལ་སྤྱིའི་དྲ་སྦྲེལ་གྱི་བདེ་འཇགས་སྲུང་སྐྱོང་དོ་དམ་བྱ་ཐབས། དེ་བཞིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་བཅའ་ཁྲིམས་སོགས་ལ་གཞིགས་ཏེ་བོད་རང་སྐྱོང་ལྗོངས་དྲ་རྒྱའི་འཕྲིན་གཏོང་བྱེད་སྒོས་བེད་སྤྱོད་བྱེད་མི་ཆོག་པ་ཉི་ཤུ་ཞེས་པ་ཞིག་ཕྱིར་བསྒྲགས་བྱས་པ་ལྟར་ན། ལོ་རྒྱུས་ལ་འཁྱོག་བཤད་དང་རྒྱལ་ཁབ་ཀྱི་འདུ་ཤེས་ཞན་དུ་གཏོང་བ། ཆོས་ལུགས་ཀྱི་ནང་དོན་དང་ཆོས་ལུགས་ཀྱི་བྱེད་སྒོ་སོགས་ལ་ཁ་གཡར་ནས་ཏང་དང་རྒྱལ་ཁབ་ཀྱི་སྲིད་བྱུས་ལ་འགོག་རྒོལ་བྱས་པ། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་ངན་སྨད་བྱས་པ་བཅས་ཀྱི་ཆ་འཕྲིན་གཏོང་བ་དང་བརྒྱུད་སྤེལ་བྱས་མི་ཆོག་ཅེས་འཁོད་འདུག
དེ་བཞིན་ཕྱི་རྒྱལ་དྲིལ་བསྒྲགས་ཀྱི་གནས་ཚུལ་དང་རྒྱལ་ཁབ་ཁ་བྲལ་གཏོང་བའི་ངན་སྐུལ། རྒྱལ་ཁབ་གཅིག་གྱུར་ལ་གཏོར་བཤིག་གཏོང་བ་བཅས་ཀྱི་དྲ་ཚིགས་ལྟ་བ་དང་བཅར་འདྲི་བྱེད་མཁན་ལ་ VPN སོགས་དྲ་རྒྱའི་ལག་རྩལ་ཐོག་ནས་རྒྱབ་སྐྱོར་རམ་རོགས་རམ་བྱས་མི་ཆོག་པ་དང་། དེ་མཚུངས་སུ་རྒྱལ་ཁབ་ཁ་ཕྲལ་གཏོང་བ་དང་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བ་སོགས་ཀྱི་ཁྲིམས་འགལ་གྱི་སྒྲིག་འཛུགས་དང་། འཕྲིན་གཏོང་ཡོ་ཆས་དང་སྤྱི་ཚོགས་འབྲེལ་བའི་གླེང་སྟེགས་ཀྱི་མཉེན་ཆས་སོགས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་མཁན་རྩ་འཛུགས་སམ་མི་སྣར་འབྲེལ་བ་བྱས་མི་ཆོག་ཅེས་འཁོད་འདུག
ཐེངས་འདིའི་རྒྱ་ནག་གཞུང་གིས་བོད་ཁུལ་གྱི་དྲ་རྒྱར་དམ་དྲག་གི་གསལ་བསྒྲགས་དེ་དང་འབྲེལ་གསར་འགོད་པས་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་སུ་རྒྱ་ནག་གིས་རྒྱལ་ཁབ་ཁ་བྲལ་ཞེས་པའི་བརྗོད་ཚིག་དེར་གོ་བ་ལེན་སྟངས་ཀྱི་ཐད་བཅར་འདྲི་ཞུས་པར་ཁོང་གིས་བོད་ཁུལ་དུ་ཆོས་རིག་དང་སྐད་ཡིག་འཛིན་སྐྱོང་གི་ལས་འགུལ་ཙམ་ཡང་རྒྱ་ནག་གིས་རྒྱལ་ཁབ་ཁ་བྲལ་གྱི་ཉེས་འཛུགས་བྱེད་ཀྱི་ཡོད་པ་ནི་བོད་ཀྱི་སྐད་ཡིག་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་གནས་སྟངས་ལས་ཤེས་རྟོགས་གསལ་པོ་ཐུབ་ཀྱི་ཡོད་སྐོར་ངོ་སྤྲོད་གནང་བ་དང་སྦྲགས། རྒྱ་ནག་གིས་རྒྱལ་ཁབ་ཁ་བྲལ་གྱི་ལས་གཞི་འདི་དང་དེ་རེད་ཅེས་པའི་ཁྲིམས་ཡིག་རང་བཞིན་གྱི་གསལ་ཁ་གང་ཡང་མེད་པར་འགྲེལ་བརྗོད་གནང་སོང་།
དེ་བཞིན་ཁོང་གིས་རྒྱ་ནག་གིས་གཞུང་འབྲེལ་གྱི་གསལ་བསྒྲགས་བྱེད་པའི་སྐབས་སུ་བོད་ཅེས་པ་ནི་བོད་རང་སྐྱོང་ལྗོངས་ཀྱི་ཁྱབ་ཚད་ཙམ་ལས་མདོ་སྟོད་སྨད་གཉིས་པོ་དེ་བོད་ཁུལ་ཡིན་པར་བརྗོད་ཀྱི་མེད་པ་མངོན་གསལ་གྱིས་དུས་རྒྱུན་ནས་རྒྱ་ནག་གིས་བོད་ཁུལ་གྱི་རང་ལུས་མེར་བསྲེགས་ཀྱི་གནད་དོན་དེ་ཡང་བོད་རང་སྐྱོང་ལྗོངས་ཀྱི་ཁྱབ་ཁོངས་སུ་བྱུང་མེད་པར་བོད་རང་སྐྱོང་ལྗོངས་དེ་ཞི་བདེ་ངང་གནས་ཡོད་པར་ཕྱི་ལ་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་ངོ་སྤྲོད་གནང་ཡོད།
གཞནང་ཡང་ཁོང་གིས་རྒྱ་ནག་གིས་མཚོ་སྔོན་ཁུལ་དང་ཀན་ལྷོ་ཁུལ་སོགས་སུ་ཡང་དྲ་རྒྱའི་བདེ་འཇགས་ཀྱི་གནད་དོན་དང་འབྲེལ་ནས་དམ་དྲག་གི་ཁྲིམས་ཡིག་རིམ་པ་བཟོས་ཡོད་པ་ངོ་སྤྲོད་དང་སྦྲགས། ཐེངས་འདིའི་གསལ་བསྒྲགས་ཀྱི་ནང་དུ་སྔོན་གྱི་གསལ་བསྒྲགས་དང་མ་འདྲ་བ་ཞིག་ནི་ཕྱི་ལོག་གི་དྲ་རྒྱ་ཡོད་ཚད་རྒྱ་ནག་གི་ནང་དུ་བཀག་སྡོམ་བྱས་ཡོད་སྟབས་རྒྱལ་སྤྱིའི་དྲ་རྒྱར་འཇུག་ཐབས་ཀྱི་མཉེན་ཆས་མ་ལག་ VPN ཞེས་པ་དེ་བེད་སྤྱོད་བཏང་མི་ཆོག་པའི་བཙན་བཀའ་བཏང་ཡོད་པ་དེ་དམིགས་བསལ་ཞིག་ཆགས་ཡོད་སྐོར་ངོ་སྤྲོད་གནང་སོང་།
གཞི་རྩའི་རྒྱ་ནག་གི་ནང་དུ་དྲ་རྒྱའི་མ་ལག་ཡོད་ཚད་སྲིད་གཞུང་གིས་སྟངས་འཛིན་བྱེད་ཀྱི་ཡོད་སྟབས་བོད་ཁུལ་དུ་སྐད་འཕྲིན་ཚོགས་པ་སོགས་ལ་དུས་ནས་དུས་སུ་ཞིབ་བཤེར་གྱིས་བོད་དོན་དང་འབྲེལ་བའི་གཏམ་བཤད་གནང་མཁན་དང་༸གོང་ས་མཆོག་གི་༸སྐུ་པར་བརྒྱུད་སྐུལ་བྱེད་མཁན། དྲ་ལམ་ནས་ཕྱི་ལོག་ཏུ་ཡོད་པའི་གཉེན་ཉེ་ལ་འབྲེལ་བ་བྱེད་མཁན་སོགས་གང་བྱུང་དུ་བཀག་སྐྱིལ་གྱིས་བཙོན་འཇུག་བྱས་པའི་གནད་དོན་རིམ་པ་བྱུང་དང་འབྱུང་བཞིན་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།