ཐའེ་ལེན་ཌིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གཅིག་དང་ལྷན་དུ་མི་མང་མི་ཉུང་བ་ཞིག་ནས་ཁ་སང་ཕྱི་ཚེས་ ༨ ཉིན་ཡུལ་དེའི་རྒྱ་ནག་གཞུང་ཚབ་ཁང་གི་ལས་ཁུངས་མདུན་དུ་རྒྱ་ནག་གིས་གཏེར་ཁ་སྔོག་འདོན་གྱི་ལས་གཞི་རྐྱེན་པས་ཁུལ་དེའི་ཆུ་རྒྱུན་གལ་ཆེན་ཁག་འབག་བཙོག་བཟོ་བཞིན་པར་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཞིག་སྤེལ་འདུག

རྩ་བའི་རྒྱ་ནག་གཞུང་གིས་ཐའེ་ལེན་ཌིའི་ས་མཚམས་ཀྱི་ཉེ་འགྲམ་ Myanmar གྱི་མངའ་སྡེ་ Shan State ནང་ལོ་མང་རིང་གཏེར་ཁ་སྔོག་འདོན་གྱི་ལས་གཞི་རྒྱ་ཆེར་སྤེལ་བཞིན་པའི་རྐྱེན་གྱིས་ཡུལ་དེ་ནས་ཐའེ་ལེན་ཌི་ནང་རྒྱུག་བཞིན་པའི་ཆུ་རྒྱུན་ Kok, Sai, Ruak, དེ་བཞིན་ Mekong འམ་རྫ་ཆུ་བཅས་དུག་རྫས་རིགས་འདྲ་མིན་གྱིས་འབག་བཙོག་བཟོ་བཞིན་པ་མ་ཟད་ཐའེ་ལེན་ཌིའི་མི་མང་གི་འཚོ་གནས་ལའང་ཉེན་ཁར་འགྱུར་བཞིན་པ་ཡུལ་དེའི་འཕྲོད་བསྟེན་ལས་བྱེད་ཚོས་སྙན་ཐོ་འདོན་སྤེལ་གནང་ཡོད་པར། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གཅིག་གཙོ་བོར་གྱུར་བའི་མི་མང་ཚོས་གནད་དོན་དེར་སྲིད་གཞུང་ངོས་ནས་ཞིབ་འཇུག་དགོས་པའི་རེ་སྐུལ་ལན་མང་བྱས་ཀྱང་གྲུབ་འབྲས་དམིགས་བསལ་ཐོན་མེད་སྟབས་ཉེ་ལམ་ཟླ་བ་འགའ་ཤས་ནས་རྒྱ་ནག་གིས་ཁྲིམས་མཐུན་མིན་པའི་གཏེར་ཁ་སྔོག་འདོན་ཐད་ཐའེ་ལེན་ཌིའི་མི་མང་དང་ཚོགས་སྡེ་ཁག་ནས་ངོ་རྒོལ་གྱི་ལས་འགུལ་འདྲ་མིན་སྤེལ་བཞིན་ཡོད་པ་རེད།
དེ་ཡང་ The Thaiger དྲྭ་ཐོག་བརྒྱུད་ལམ་གྱིས་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན། ཁ་སང་ཕྱི་ཚེས་ ༨ ཉིན་ཐའེ་ལེན་ཌིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ NGO Coordinating Committee on Development དང་གཞན་ཚོགས་སྡེ་ཁག་གཅིག་མཉམ་རུབ་ཀྱི་གོ་སྒྲིག་འོག་ཡུལ་དེའི་རྒྱ་ནག་གཞུང་ཚབ་ཁང་གི་ལས་ཁུངས་མདུན་དུ་མི་མང་མི་ཉུང་བ་ཞིག་འདུ་འཛོམས་ཐོག་རྒྱ་ནག་གིས་ཁྲིམས་མཐུན་མིན་པའི་གཏེར་ཁ་སྔོག་འདོན་གྱི་ལས་གཞིས་ཡུལ་དེའི་ཆུ་རྒྱུན་གལ་ཆེན་ཁག་དུག་རྫས་རིགས་འདྲ་མིན་གྱིས་འབག་བཙོག་བཟོ་བཞིན་པ་མ་ཟད་མི་མང་གི་འཚོ་གནས་ཉེན་ཁར་འགྱུར་བཞིན་ཡོད་པར་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཞིག་སྤེལ་འདུག་པ་དང་། འདུ་འཛོམས་ཡོད་སར་ལས་འགུལ་གོ་སྒྲིག་པ་ཚོས་ཆུ་རྒྱུན་དེ་དག་གི་དུག་རྫས་འདྲེས་པའི་འབག་བཙོག་ཏུ་གྱུར་བའི་ཆུ་གཏོར་བ་དང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་འབག་གྱོན་པ་སོགས་རྣམ་པ་འདྲ་མིན་གྱི་ཛ་དྲག་གནས་སྟངས་གསལ་སྟོན་གནང་འདུག
ལྷག་པར་དུ་ NGO-COD ཚོགས་པའི་ཚོགས་གཙོ་ Lertsak Kamkongsak ལགས་ཀྱིས་ལས་འགུལ་གྱི་བསྒྲགས་གཏམ་འདོན་སྤེལ་བརྒྱུད། ས་གནས་ས་ཐོག་གི་ཆུ་རྒྱུན་འབག་བཙོག་གི་ཞིབ་འཇུག་གྲུབ་དོན་དྲངས་ཏེ་རྒྱ་ནག་གཞུང་ལ་ས་མཚམས་བརྒལ་བའི་ཆུ་རྒྱུན་འབག་བཙོག་གི་གནད་དོན་སྐོར་གླེང་སློང་དགོས་པ་གསུངས་འདུག་ལ། བསྒྲགས་གཏམ་དེའི་ནང་ Myanmar དང་ཐའེ་ལེན་ཌིའི་ས་མཚམས་སུ་གཏེར་ཁ་སྔོག་འདོན་གྱི་ལས་གཞི་དང་འབྲེལ་བའི་ལས་གཉེར་བ་རྣམས་ལ་འགན་འཁུར་དུ་འཇུག་དགོས་པ་བརྗོད་འདུག་པ་མ་ཟད། དེ་ལྟ་བུའི་ས་མཚམས་བརྒལ་བའི་གཏེར་ཁ་སྔོག་འདོན་གྱི་ལས་གཞི་དེ་དག་ཁོར་ཡུག་དང་སྤྱི་ཚོགས་བདེ་འཇགས་ཀྱི་འགན་འཁུར་མཉམ་དུ་འགྲོ་དགོས་པའང་གསུངས་འདུག

སྤྱིར་ཐེངས་འདིའི་ངོ་རྒོལ་ལས་འགུལ་ཐོག་ཚོགས་པ་ཁག་གིས་ Myanmar དུ་རྒྱ་ནག་གི་ཁེ་ལས་ཚོའི་གཏེར་ཁ་སྔོག་འདོན་གྱི་ལས་གཞིར་རྒྱ་གཞུང་གིས་སྣང་མེད་གཏོང་མི་རུང་བར་དེར་དུས་བསྟུན་ཞིབ་འཇུག་དགོས་པ་དང་། གཏེར་ཁ་སྔོག་འདོན་ལས་བྱུང་བའི་གཏེར་རྫས་རྣམས་ཁྲིམས་མཐུན་གྱི་ལས་གཞིའི་འོག་ནས་བྱུང་ཡོད་མེད་སྐོར་ལམ་ལུགས་སྒྲིག་འཛུགས་བཟོ་དགོས་པ། དེ་བཞིན་དུག་རྫས་འདྲེས་པའི་འབག་བཙོག་གི་ཆུ་རྒྱུན་ལས་གནོད་སྐྱོན་བྱུང་བའི་ཐའེ་ལེན་ཌི་ཁུལ་གྱི་གྲོང་གསེབ་ཁག་ཏུ་རྒྱ་གཞུང་ལས་བྱེད་ལྟ་སྐོར་བསྐྱོད་དགོས་པ་མ་ཟད། ཐའེ་ལེན་ཌི་དང་ Myanmar རྒྱ་ནག་གསུམ་ནས་མཉམ་འབྲེལ་ཐོག་གཏེར་ཁ་སྔོག་འདོན་བྱེད་སའི་ས་ཚིགས་སུ་རྟོག་ཞིབ་དགོས་པ་བཅས་དགོས་འདུན་དོན་ཚན་བཞི་བཏོན་ཡོད་པ་རེད་འདུག
རྒྱ་ནག་གིས་ཀྱང་ཁ་སང་ཕྱི་ཚེས་ ༨ ཉིན་མོར་དེ་འབྲེལ་ལན་འདེབས་སུ། ཡུལ་དེའི་ཆུ་རྒྱུན་འབག་བཙོག་ཤོར་བའི་རྐྱེན་གྱིས་འཚོ་གནས་ལ་ཉེན་ཁ་ཡོད་པའི་སེམས་འཚབ་ལ་ངོས་འཛིན་ཡོད་ཅེས་དང་། གནད་དོན་དེའི་ཐོག་ཚན་རིག་གི་དཔང་རྟགས་བེད་སྤྱོད་བྱས་ཏེ་མཉམ་འབྲེལ་གྱི་ཞིབ་འཇུག་བྱ་རྒྱུར་རྒྱབ་སྐྱོར་ཡོད་སྐོར་བཤད་འདུག་ཀྱང་། ཆུ་རྒྱུན་འབག་བཙོག་ཤོར་བ་དེ་རྒྱ་ནག་གིས་གཏེར་ཁ་སྔོག་འདོན་རྐྱེན་གྱིས་ཡིན་པའི་ཉེས་འཛུགས་ལ་ཁས་ལེན་བྱས་མི་འདུག
རྩ་བའི་ཁ་སང་གི་ངོ་རྒོལ་ལས་འགུལ་ཁྲོད་ཉེན་རྟོག་པ་དང་མི་མང་བར་གདོང་ཐུག་རྐྱེན་པས་ངོ་རྒོལ་བ་གཉིས་ལ་རྨས་སྐྱོན་ཕོག་འདུག་པ་དང་། ཁ་ཉིན་ཕྱི་ཚེས་ ༦ ཉིན་མོའང་ཡུལ་དེའི་རྒྱ་ནག་དོན་གཅོད་ལས་ཁུངས་མདུན་དུ་གནད་དོན་དེའི་ཐོག་གཅིག་མཚུངས་ཀྱི་ངོ་རྒོལ་ལས་འགུལ་བྱུང་འདུག




