བདུན་ཕྲག་འདིའི་རེས་གཟའ་ཟླ་བ་སྟེ་ཕྱི་ཟླ་ ༧ པའི་ཚེས་ ༦ དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༡ བདག་གིར་བཞེས་པའི་ཉིན་མོ་དང་བསྟུན། རྒྱ་གར་གཙོས་པའི་འཛམ་གླིང་ཁྲོད་ཀྱི་བོད་མི་གནས་སྡོད་ཡོད་སའི་ས་ཁུལ་ཡོངས་ལ་༸རྒྱལ་བའི་འཁྲུངས་སྐར་ཉིན་མོ་སྲུང་བརྩི་གཟབ་རྒྱས་ཞུས་པའི་ཁྲོད། བལ་ཡུལ་ནང་དུའང་༸རྒྱལ་བའི་འཁྲུངས་སྐར་ཉིན་མོ་སྲུང་བརྩིའི་མཛད་སྒོ་ཞིག་འཚོགས་པའི་ཨ་རི་དང་ཡུ་རོབ་སོགས་ཀྱི་ཕྱིའི་རྒྱལ་ཁབ་ཀྱི་གཞུང་ཚབ་པ་ཁག་གི་སྐུ་ཚབ་ཆེད་ཕེབས་གནང་ཡོད་པ་རེད། གནད་དོན་དེ་དང་འབྲེལ་དེ་སྔ་རྒྱ་ནག་ནང་དུ་བལ་ཡུལ་གྱི་གཞུང་ཚབ་པ་གནང་མྱོང་མཁན་བལ་ཡུལ་གྱི་གཞུང་ཞབས་པ་ལས་ཟུར་མི་བདུན་གྱིས་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་ཞིག་འདོན་སྤེལ་གནང་སྟེ། བལ་ཡུལ་ས་ཐོག་ཏུ་༸རྒྱལ་བའི་འཁྲུངས་སྐར་སྲུང་བརྩི་དང་དེའི་ཐོག་ཕྱི་རྒྱལ་གཞུང་ཚབ་མི་སྣ་ཕེབས་པ་དེ་ནི་བལ་ཡུལ་གཞུང་གིས་འཛིན་པའི་རྒྱ་ནག་གཅིག་གི་སྲིད་བྱུས་དང་རྒྱབ་འགལ་འགྲོ་བ་དང་འབྲེལ། རྒྱ་ནག་ལྷན་དུ་འབྲེལ་ལམ་ལ་དོ་ཕོག་གཏོང་ཉེན་ཡོད་པར། བལ་ཡུལ་གཞུང་གིས་ཕྱིན་ཆད་འདིའི་རིགས་མི་ཡོང་བ་བྱ་དགོས་པ་བརྗོད་འདུག

དེ་ཡང་ཉེ་སྔོན་ཕྱི་ཚེས་ ༦ ཉིན་བལ་ཡུལ་དོན་གཅོད་ལས་ཁུངས་དང་བལ་ཡུལ་འཁྲུངས་སྐར་གོ་སྒྲིག་ཚོགས་ཆུང་གཉིས་མཉམ་རུབ་ཐོག་སྔ་དྲོ་ཕྱག་ཚོད་ ༢།༣༠ རིང་འཕགས་ཤིང་རྣམ་རྒྱལ་འབྲིང་རིམ་སློབ་གྲྭར་༸རྒྱལ་བའི་འཁྲུངས་སྐར་གྱི་མཛད་སྒོ་ཞིག་འཚོགས་ཡོད་པ་དང་། དེའི་ཐོག་བལ་ཡུལ་ནང་གི་ཨ་རི་དང་ཡུ་རོབ་སོགས་ཀྱི་གཞུང་ཚབ་པ་ཁག་གི་སྐུ་ཚབ་འགའ་ཤིག རྒྱལ་སྤྱིའི་སྐྱབས་བཅོལ་ལས་ཁུངས་ཀྱི་འགན་འཛིན། བལ་ཡུལ་ནང་གི་གཞུང་འབྲེལ་མིན་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གི་འགན་འཛིན། ཧི་མ་ལ་ཡའི་ནང་པའི་མི་རིགས་ཀྱི་འབྲེལ་ཡོད་མི་སྣ་བཅས་དང་ས་གནས་བོད་མིའི་གཞུང་དང་གཞུང་འབྲེལ་མིན་པའི་གནད་ཡོད་མི་སྣ་བཅས་ཁྱོན་མི་གྲངས་ ༧༠༠ ཙམ་ལྷན་འཛོམས་ཐོག་༸སྐུའི་འཁྲུངས་སྐར་སྲུང་བརྩི་གནང་འདུག འོན་ཀྱང་འདི་ལོ་ས་གནས་སྐོར་སྲུང་ལས་ཁུངས་ཀྱི་དམ་དྲག་ལ་བརྟེན་འདི་ལོའི་མཛད་སྒོའི་ཐོག་སྔར་གསོལ་བཞིན་བོད་ཀྱི་རྒྱལ་གླུ་གཏོང་མ་བཅུག་པ་དང་། བཀའ་སྤྱི་གཉིས་ཀྱི་འཁྲུངས་སྐར་གྱི་གསུང་བཤད་འགྲེམས་སྤེལ་ལམ་སྒྲོག་སྦྱང་བྱེད་བཅུག་མེད་པ་རེད་འདུག
སྐབས་དེར་མང་ཚོགས་རྣམས་ནས་༸རྒྱལ་བའི་འཁྲུངས་སྐར་དང་འབྲེལ་བའི་ཆོས་ཕྱོགས་དང་རིག་གཞུང་གི་རྟེན་འབྲེལ་བྱེད་སྒོ་ཁག་གྲུབ་པའི་རྗེས་སུ། རྒྱལ་གཅེས་པ་བློ་དགའ་རང་བཙན་དམ་པ་ཁོང་ལ་གདུང་སེམས་མཉམ་སྐྱེད་དང་མྱ་ངན་གུས་འདུད་ཀྱིས་བདེན་ཚིག་སྨོན་ལམ་གསུང་འདོན་གནང་ཡོད་འདུག
དེ་འབྲེལ་དེ་རིང་ཕྱི་ཚེས་ ༩ ཉིན་ Rajeshwar Acharya དང་ Mahendra Pandey, Tank Karki, Mahesh Maskey, Leelamani Poudel, Bishnu Pukar Shrestha, and Krishna Prasad Oli བཅས་བལ་པོའི་གཞུང་གི་རྒྱ་ནག་ནང་གི་གཞུང་ཚབ་པ་བྱས་མྱོང་མཁན་བལ་པོའི་གཞུང་ཞབས་པ་ལས་ཟུར་ ༧ གྱི་གསར་འགོད་བསྒྲགས་གཏམ་ཞིག་འདོན་སྤེལ་གནང་བའི་ནང་དུ། ཉེ་སྔོན་ཚེས་ ༦ ཉིན་འཕགས་ཤིང་རྣམ་རྒྱལ་སློབ་གྲྭར་༸རྒྱལ་བའི་འཁྲུངས་སྐར་ཉིན་མོ་སྲུང་བརྩི་གནང་བ་དང་། དེའི་ཐོག་ཕྱི་རྒྱལ་གཞུང་ཚབ་ཁག་གི་མི་སྣ་ཁག་གཅིག་ནས་མཉམ་ཞུགས་གནང་བའི་ཐད་སེམས་འཚབ་ཆེན་པོ་ཡོད་སྐོར་དང་འབྲེལ། བལ་ཡུལ་གཞུང་གིས་དུས་རྟག་ཏུ་རྒྱ་ནག་གཅིག་གི་སྲིད་བྱུས་ལ་བརྩི་སྲུང་ཞུས་ཡོད་པ་དང་། བལ་ཡུལ་ས་ཐོག་ཏུ་ཁྱིམ་མཚེས་རྒྱལ་ཁབ་ལ་གནོད་པའི་བྱ་འགུལ་རིགས་སྤེལ་མ་བཅུག་པའི་ལངས་ཕྱོགས་བརྟན་པོ་འཛིན་ཡོད་པ་མ་ཟད། འདི་ལོ་བལ་པོའི་ཕྱི་སྲིད་བློན་ཆེན་རྒྱ་ནག་ཏུ་ཕེབས་པའི་སྐབས་སུའང་བལ་ཡུལ་གྱི་བཞེངས་ཕྱོགས་དེ་མུ་མཐུད་རྒྱུན་སྐྱོང་བྱ་རྒྱུའི་ཁས་ལེན་གནང་ཡོད་པ་ལྟར། གལ་ཏེ་ཕྱི་ཚེས་ ༦ གི་ལས་རིམ་དེ་བལ་པོའི་གཞུང་གིས་ཆོག་མཆན་ཡོད་པའི་ཐོག་ནས་བྱས་ཡོད་པ་ཡིན་ན་དེ་ནི་རྒྱ་ནག་གཅིག་གི་སྲིད་བྱུས་ལས་རྒྱབ་འགལ་འགྲོ་རྒྱུ་ཡིན་པ་མ་ཟད། བལ་པོའི་གཞུང་དང་རྒྱལ་ཁབ་གཞན་དབར་གྱི་འབྲེལ་ལམ་ལ་དོ་ཕོག་འགྲོ་ཉེན་ཡོད་སྐོར་དང་འབྲེལ། ད་ཆ་བལ་ཡུལ་གྱི་ལངས་ཕྱོགས་འགྱུར་བ་ཐེབས་པའམ་ཡང་ན་བལ་ཡུལ་གཞུང་གི་ཕྱི་འབྲེལ་སྲིད་བྱུས་ལ་འགྱུར་བ་ཐེབས་པ་རེད་དམ་ཞེས་བལ་པོའི་གཞུང་ལ་དྲི་བ་བཏང་འདུག
ཁོ་ཚོས་ད་དུང་ལས་རིམ་འདིའི་རིགས་བལ་ཡུལ་རྒྱལ་ཁབ་ཀྱི་བརྟན་ལྷིང་དང་འཛུགས་བསྐྲུན་ཡར་རྒྱས། དེ་བཞིན་རང་བཙན་ཀྱི་གནས་བབ་ལ་དོ་ཕོག་གཏང་རྒྱུ་ཡིན་སྐོར་དང་འབྲེལ། བལ་པོའི་གཞུང་གིས་འབྲེལ་ཡོད་ཚང་མར་དེའི་ཐོག་ཡིད་གཟབ་གནང་དགོས་པ་དང་། ཕྱིན་ཆད་འདིའི་རིགས་མི་ཡོང་བ་བྱ་དགོས་པ་སོགས་བརྗོད་འདུག
རྩ་བའི་བལ་ཡུལ་གཞུང་གིས་རྒྱ་ནག་དང་བསྟུན་མཁས་ཁྲོད། ཡུལ་དེའི་ནང་གནས་སྡོད་བོད་མི་མང་དག་ཅིག་ལ་སྐྱབས་བཅོལ་ཡིག་ཆ་ཚུལ་མཐུན་མ་སྤྲད་པ་དང་། བལ་ཡུལ་ནང་དུ་བོད་མིས་༸རྒྱལ་བའི་འཁྲུངས་སྐར་སྲུང་བརྩི་དང་ཆབ་སྲིད་ཀྱི་ལས་འགུལ་རིགས་སྤེལ་མ་བཅུག་པར་དམ་དྲག་བྱེད་བཞིན་པའི་ཁྲོད། འདས་པའི་ལོ་ཤས་ནང་རྒྱ་ནག་གི་ཤུགས་རྐྱེན་ཇེ་ཆེར་ཕྱིན་པའི་ཁྲོད་བོད་མིའི་ཐོག་དམ་དྲག་སྔར་ལྷག་བྱས་ཏེ། ལོ་ཤས་སྔོན་༸རྒྱལ་བའི་འཁྲུངས་སྐར་སྲུང་བརྩིའི་མཛད་སྒོའི་ཐོག་བོད་མི་ ༢༠༠༠ ཙམ་ལྷན་འཛོམས་གནང་ཐུབ་སར་ད་ཆ་མི་ ༧༠༠ ལས་མཉམ་ཞུགས་གནང་ཐུབ་མེད་པ་མ་ཟད། ད་ལན་ཐེངས་དང་པོ་བལ་ཡུལ་གཞུང་གིས་དམིགས་བསལ་དམ་དྲག་ཁྲོད་འཁྲུངས་སྐར་མཛད་སྒོའི་ཐོག་བོད་ཀྱི་རྒྱལ་གླུ་བླང་མ་བཅུག་པ་དང་། སྲིད་སྤྱི་གཉིས་ཀྱི་གསུང་འཕྲིན་སྒྲོག་སྦྱངས་གནང་མ་བཅུག་པ། དེ་བཞིན་མཛད་སྒོ་འཚོག་རྒྱུའི་ཆོག་མཆན་ཡིག་ཐོག་སྤྲད་མེད་པ་མ་ཟད། ཉིན་གུང་ཕྱག་ཚོད་ ༡༢ སྔོན་ལ་འཇུག་སྒྲིལ་དགོས་པ་སོགས་ཀྱི་དམ་དྲག་ཤུགས་ཆེ་བྱས་ཡོད་པ་རེད་འདུག




