རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་མི་རིགས་ཐེ་བའི་རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་ཁག་ཟླ་སྒྲིལ་སིམ་ཡལ་དུ་གཏང་རྒྱུར་དམིགས་ཏེ། ཟླ་བ་འདིའི་ཕྱི་ཚེས་ ༡ ནས་གཞུང་འབྲེལ་ལག་བསྟར་བྱེད་འགོ་བཙུགས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་དེ་བོད་ཀྱི་ངོ་བོ་རྩ་མེད་བཟོ་རྒྱུའི་ཁྲིམས་ཡིག་ཅིག་ཡིན་ཞེས་ཨིས་ཊོ་ནི་ཡའི་གྲོས་ཚོགས་འཐུས་མི་ལྔ་བཅུ་ཡིས་སྐྱོན་བརྗོད་ཡིག་འབྲེལ་ཞིག་ཕྱི་ལོ་ ༢༠༢༦ ཟླ་བ་ ༧ ཚེས་ ༦ ཉིན་རྒྱ་ནག་གཞུང་ཚབ་ཁང་ལ་བཏང་འདུག

དེ་ཡང་ཨིས་ཊོ་ནི་ཡའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཇུ་ཀུ་ཀེལ་རེཊ་ (Juku-Kalle Raid) གཙོས་པའི་གྲོས་ཚོགས་འཐུས་མི་རྣམས་ནས། རྒྱ་ནག་གཞུང་གིས་ཁྲིམས་ཡིག་དེར་མིང་སྙན་པོ་ཞིག་བཏགས་ཡོད་ནའང་། དེའི་ནང་དོན་ནི་ས་གནས་གཞུང་གི་ལས་ཁུངས་དང་། སློབ་གྲྭ། བོད་མིའི་སྤྱི་ཚོགས་ཁྲོད་ནས་བོད་མི་རིགས་ཀྱི་རིག་གཞུང་དང་ངོ་བོ་རྩ་མེད་གཏང་རྒྱུ་ཡིན་པ་མ་ཟད། ཁྲིམས་ཡིག་དེས་བོད་མི་གནས་སྤོ་དང་། བོད་ཀྱི་སྐད་ཡིག་ཉམས་རྒུད། བོད་མི་རྣམས་རང་གི་ཕ་ཡུལ་དང་། ལོ་རྒྱུས། ཆོས་ཕྱོགས་ཀྱི་སྲོལ་རྒྱུན་ལས་ཁ་ཐག་རིང་དུ་གཏང་རྒྱུར་སྐུལ་འདེད་བཏང་ནས། བོད་མི་རིགས་དེ་རྒྱ་རིགས་སུ་ཟླ་སྒྲིལ་གཏང་རྒྱུ་ཙམ་མ་ཡིན་པར། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་གོམས་སྲོལ་ཤུལ་མེད་བཟོ་རྒྱུའི་དམིགས་ཡུལ་འཆང་གི་ཡོད་པ་འགྲེལ་བརྗོད་གནང་འདུག
མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་དེ་ཕྱི་ལོ་ ༢༠༢༦ ཟླ་བ་ ༣ ནང་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་གྱིས་གཏན་ལ་ཕབ་སྟེ། ཉེ་ལམ་ཟླ་བ་འདིའི་ཕྱི་ཚེས་ ༡ ནས་ལག་བསྟར་བྱེད་འགོ་བཙུགས་ཡོད་པ་དང་། ཁྲིམས་ཡིག་དེ་ནི་དེ་སྔའི་རྒྱ་ནག་གི་མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་ཡིག་ལས་ཡོངས་སུ་བརྒལ་ཏེ། རྒྱ་ནག་གཞུང་གིས་བགོས་པའི་རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་གྲངས་ ༥༥ ཡོངས་རྫོགས་གྲངས་མང་ཧན་མི་རིགས་སུ་ཟླ་སྒྲིལ་གཏང་རྒྱུའི་དམིགས་ཡུལ་བཟུང་ཡོད།
མཉམ་སྦྲེལ་གྱི་ཡིག་འབྲེལ་དེར་མཚན་རྟགས་འགོད་མཁན་གྲོས་ཚོགས་འཐུས་མི་ཐུན་མོང་ནས་རྒྱ་ནག་གི་ཁྲིམས་ཡིག་དེར་སྐྱོན་བརྗོད་དང་སྦྲགས། ཁྲིམས་ཡིག་དེ་ཉིད་བོད་མི་རྣམས་ཀྱིས་ཁྲིམས་མཐུན་གྱི་ཡིག་ཆ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་མེད་པ་གསལ་སྟོན་གནང་བའི་ཁར། ཁྲིམས་མཐུན་མིན་པའི་ཡིག་ཆ་དེ་ལ་མཉམ་འབྲེལ་རྒྱལ་ཚོགས་དང་། ཡུ་རོབ་གྲོས་ཚོགས་ནས་བློ་འཚབ་བསྟན་ཡོད་ནའང་། ད་དུང་དེ་ལས་གནོན་ཤུགས་ཆེ་བའི་སྒོ་ནས་གདོང་ལེན་བྱ་དགོས་པ་བརྗོད་འདུག

རྒྱ་ནག་གཞུང་གིས་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་མདུན་དུ་མི་རིགས་མཐུན་སྒྲིལ་ཟེར་བའི་ཁྲིམས་ཡིག་དེ་ངོ་སྤྲོད་བྱེད་སྐབས། ཁྲིམས་ཡིག་དེ་རྒྱ་ནག་གི་མི་རིགས་ནང་ཁུལ་སྤྱི་ཚོགས་ཀྱི་འདུ་ཤེས་གོང་མཐོར་གཏང་རྒྱུའི་ཆེད་ཡིན་ལུགས་བརྗོད་ཡོད་ལ། ཁྲིམས་ཡིག་གི་བརྗོད་དོན་ནང་དུའང་། མི་རིགས་སྡེ་ཁག་སོ་སོའི་མི་མང་དང་། ཚོགས་པ་སྒྲིག་འཛུགས། བཟོ་ལས་ཁང་ཚང་མས་སྒྲིག་གཞི་དང་རྩ་ཁྲིམས་གཞིར་བཟུང་རྒྱ་མི་རིགས་ཀྱི་ཐུན་མོང་གི་འདུ་ཤེས་གོང་མཐོར་གཏོང་དགོས་པ་དང་། འདུ་ཤེས་གོང་མཐོར་གཏང་རྒྱུར་ཚང་མས་འགན་ཁུར་དགོས་པ་བརྗོད་ཡོད།
ཡིག་འབྲེལ་དེའི་ནང་དུ་གྲོས་ཚོགས་འཐུས་མི་རྣམས་ནས་རེ་སྐུལ་གྱི་ཚུལ་དུ། “རྒྱ་ནག་གཞུང་ལ་ཁྲིམས་ཡིག་དེར་ངོ་རྒོལ་ཡོད་པའི་གཞུང་འབྲེལ་བརྡ་ལན་གསལ་པོ་སྤྲད་པའི་ཐོག ཁྲིམས་ཡིག་ལག་བསྟར་མཚམས་འཇོག་ཕྱིར་འཐེན་གྱི་དགོས་འདུན་གདོན་རྒྱུ་དང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་དེའི་ཁྱབ་ཁོངས་ལས་ཁུངས་ཁག་ནས་རྒྱ་ནག་གཞུང་གིས་མི་རིགས་བཙན་སྒྱུར་གྱི་སྲིད་བྱུས་ལ་བསྐྱར་ཞིབ་མ་ཟད། འབྱུང་འགྱུར་རྒྱ་ནག་གཞུང་ནས་མུ་མཐུད་རིག་གཞུང་དང་། སྐད་ཡིག ཆོས་དད་རང་དབང་རྡོག་རོལ་གཏང་རྒྱུ་མཚམས་འཇོག་བཀག་སྡོམ་བྱ་རྒྱུར་རྒྱལ་སྤྱིའི་ཁྲིམས་སྒྲིག་ལག་བསྟར་ཡོང་བའི་འབོད་སྐུལ་ཞུ་རྒྱུ། བོད་རྒྱའི་དཀའ་རྙོག་དེ་གྲོས་མོལ་ལམ་ནས་ཞི་འགྲིག་ཡོང་ཐབས་སུ་རྒྱ་ནག་གཞུང་ལ་ཕྱི་འབྲེལ་ཐབས་བྱུས་ལམ་ནས་གནོན་ཤུགས་སྤྲོད་རྒྱུ། བཙན་བྱོལ་ནང་དུ་བཙན་བྱོལ་བོད་གཞུང་གིས་བོད་ཀྱི་རིག་གཞུང་དང་། ངོ་བོ་རྒྱུན་འཛིན་བྱེད་པའི་ལས་དོན་ལ་རྒྱབ་སྐྱོར་བྱ་རྒྱུ།” ཞེས་བཀོད་འདུག
གཞན་ཡང་ཁྲིམས་ཡིག་ནང་དུ་རྒྱ་ནག་གི་སློབ་གྲྭ་ཚང་མར་རྒྱ་སྐད་དེ་སློབ་ཁྲིད་བརྒྱུད་ལམ་གཙོ་བོར་ངེས་པར་དུ་སློབ་དགོས་པའི་བཙན་སྐུལ་བཏང་ཡོད་པ་དང་། དེ་ལ་བརྟེན་ནས་བོད་ཐེ་བའི་གྲངས་ཉུང་མི་རིགས་ཁག་གི་སྐད་ཡིག་རིག་གཞུང་རྩ་མེད་དུ་འགྲོ་སྲིད་པའི་ཉེན་ཁ་འཕྲད་གཞིར་གྱུར་ཡོད།
ཨིས་ཊོ་ནི་ཡའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཇུ་ཀུ་ཀེལ་རེཊ་ལགས་ཀྱིས་སྣེ་ཁྲིད་པའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་རིམ་པ་དེ་སྔ་ཕྱི་ལོ་ ༢༠༢༤ ལོར་༸པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༥ ལ་ཕེབས་པའི་གཞུང་འབྲེལ་མཛད་སྒོའི་སྐུ་མགྲོན་དང་། ཕྱི་ལོ་ ༢༠༢༥ ལོའི་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་གྱི་གཞུང་འབྲེལ་སྐུ་མགྲོན་དུ་རྡ་རམ་ས་ལར་ཕེབས་ཏེ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་དང་། བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་ལྷན་མཇལ་འཕྲད་གནང་མྱོང་ཡོད་པ་རེད།




