ཟླ་བ་འདིའི་ཕྱི་ཚེས་ ༣ ཉིན་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་གནས་བཞུགས་བོད་རང་བཙན་འཐབ་རྩོད་པ་བློ་དགའ་རང་བཙན་ལགས་ཀྱིས་ཁུལ་དེ་གའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་བོད་རང་བཙན་དང་ཆོལ་གསུམ་མཐུན་སྒྲིལ་ཆེད་རང་ལུས་མེར་བསྲེགས་བཏང་ཡོད་པ་དང་འབྲེལ། ཁ་སང་ཨ་རིའི་གཞུང་གིས་བོད་མིའི་མངོན་འདོད་ལ་རྒྱབ་སྐྱོར་ཡོད་ཅེས་བརྗོད་འདུག་པ་མ་ཟད། རྒྱ་ནག་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་གྲོས་མོལ་བསྐྱར་གསོ་བྱ་དགོས་པའི་འབོད་སྐུལ་མུ་མཐུད་གནང་རྒྱུ་ཡིན་པ་གསུངས་འདུག

དེ་ཡང་བརྒྱུད་ལམ་ཁག་ལ་དེ་འབྲེལ་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་གཅེས་པ་ཁོང་གིས་སྐུ་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་བྱུང་རྗེས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Thomas ‘Tommy’ Pigott ཐོ་མཱས་ཊོ་མྨི་ལགས་ཀྱིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཨ་རི་གཞུང་གིས་བོད་མི་ཚོའི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་སྐད་ཡིག ཆོས་ལུགས་བཅས་ལ་ཐེ་གཏོགས་མེད་པར་སྲུང་བརྩི་དང་སྲུང་སྐྱོབ་བྱེད་པའི་རེ་འདུན་ལ་རྒྱབ་སྐྱོར་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ཅེས་དང་། ཨ་རི་གཞུང་གིས་རྒྱ་ནག་ལ་༸གོང་ས་མཆོག་དང་༸གང་ཉིད་མཆོག་གི་སྐུ་ཚབ་རྣམ་པ། དེ་བཞིན་དམངས་གཙོའི་ལམ་ནས་འོས་འདེམས་བྱས་པའི་བོད་མིའི་དབུ་ཁྲིད་ཚོར་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་ཐད་ཀར་གྲོས་མོལ་བྱས་ཏེ་བོད་མི་ཚོར་དོན་སྙིང་ལྡན་པའི་རང་སྐྱོང་ཐོབ་ཐབས་བྱེད་དགོས་པའི་འབོད་སྐུལ་མུ་མཐུད་གནང་རྒྱུ་ཡིན་པ་གསུངས་འདུག
དེའི་ཁྲོད་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Mao Ning གིས་པེ་ཅིང་དུ་རེས་གཟའ་ཕུར་བུ་ཉིན་གྱི་གསར་འགོད་ལྷན་ཚོགས་ཐོག ཨ་རིའི་གཞུང་ལ་བོད་ནི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པར་ངོས་འཛིན་དང་བོད་རང་བཙན་ལ་རྒྱབ་སྐྱོར་བྱ་རྒྱུ་མིན་པའི་ཁས་ལེན་ལ་བརྩི་སྲུང་ཞུ་དགོས་པའི་འབོད་སྐུལ་བྱེད་ཀྱི་ཡོད་པ་མ་ཟད། བོད་དོན་དང་འབྲེལ་བའི་གནད་དོན་རྣམས་ནི་རྒྱ་ནག་གི་རྒྱལ་ནང་གི་གནད་དོན་ཡིན་པས་ཨ་རིས་ཐེ་ཇུས་བྱེད་མཚམས་འཇོག་དགོས་པའི་ཉེན་བརྡ་བཏང་འདུག
རྩ་བའི་བོད་རང་བཙན་འཐབ་རྩོད་པ་བློ་དགའ་རང་བཙན་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱི་གནད་དོན་དང་འབྲེལ། ནིའུ་ཡོག་གྲོང་སྡེ་སྤྱི་ཁྱབ་ Zorhan Kwame Mamdani ལགས་ཀྱིས་བློ་ཕམ་དང་འབྲེལ། མི་སུ་འདྲ་ཞིག་ཡིན་རུང་སོ་སོའི་འཐབ་རྩོད་ཀྱི་འབོད་སྒྲ་དེ་རྒྱལ་སྤྱིའི་མི་མང་གིས་གསན་པར་བྱེད་པ་ལ་ཐབས་ལམ་གཅིག་པུ་དེ་མིན་པ་ཚོར་དགོས་ཤིང་། ནིའུ་ཡོག་གྲོང་སྡེ་དེ་ཉིད་འགྲོ་བ་མིའི་ཐོབ་ཐང་དང་། ཆེ་མཐོང་ལ་རྒྱབ་སྐྱོར་ཐོག་ཨ་རིའི་ནང་དུ་གནས་སྡོད་བོད་མ་སྤྱི་ཚོགས་ཡོངས་དང་ཁོང་གི་ནང་མི་ཉེ་འབྲེལ་རྣམས་ལ་ཐུགས་གསོ་ཡོད་པ་གསུངས་འདུག་པ་དང་། དེ་བཞིན་ཨ་རིའི་གྲོས་ཚོགས་འཐུས་མི་ Alexandria Ocasio-Cortez ལགས་ཀྱིས་ཀྱང་མྱ་ངན་དང་བཅས་བོད་དང་འཛམ་གླིང་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཆེད་འཐབ་རྩོད་མུ་མཐུད་བྱེད་དགོས་སྐོར་གསུངས་ཡོད་པ་རེད།
གཞན་ཡང་ཨ་རིའི་ Cincinnati ཡི་གྲོང་སྡེའི་སྤྱི་ཁྱབ་བོད་རིགས་ཨ་རི་བ་སྐུ་ཞབས་ Aftab Pureval ལགས་ཀྱིས། བོད་རང་བཙན་འཐབ་རྩོད་པ་བློ་དགའ་རང་བཙན་ལགས་ཀྱི་ནང་མི་ཉེ་འབྲེལ་རྣམས་དང་། ནིའུ་ཡོག་གཙོས་འཛམ་གླིང་ས་ཆ་གཞན་དུ་ཡོད་པའི་བོད་མི་ཚོར་མྱ་ངན་ཞུ་ཡི་ཡོད་པ་དང་འབྲེལ། རང་གི་དམིགས་ཡུལ་དང་མི་རིགས་ཀྱི་ཆེད་དུ་རང་གི་ཚེ་སྲོག་དོར་དགོས་བྱུང་བ་ནི་ཤིན་ཏུ་སེམས་སྐྱོ་བའི་གནས་ཚུལ་ཞིག་ཡིན་པ་དང་། དོན་རྐྱེན་དེ་ནི་རྒྱ་གཞུང་གིས་བཙན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ཟེར་བ་དངོས་སུ་ལག་བསྟར་བྱེད་བཞིན་པའི་དུས་སྐབས་དེར་བོད་མི་རྣམས་ཀྱི་གནས་སྟངས་མཚོན་གྱི་ཡོད་པ་གསུངས་ཏེ། རྒྱལ་གཅེས་པ་ཁོང་གི་སྐུ་ལུས་མེར་བསྲེགས་མ་གཏང་ཉིན་གཅིག་སྔ་རོལ་ན་ཁྲིམས་དེ་དངོས་སུ་ལག་བལྟར་བྱས་ཡོད་ཅིང་། ཁྲིམས་ལུགས་འདི་ནི་བོད་མི་དང་། ཡུ་གུར། སོག་པོ་བཅས་ཀྱི་ཐུན་མོང་མ་ཡིན་པའི་ངོ་བོ་རྩ་མེད་བཟོས་ཏེ། དེའི་ཚབ་ཏུ་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ངོ་བོ་བརྗེ་ལེན་བྱེད་པའི་ཆེད་དུ་བཟོས་པ་ཞིག་ཡིན་པ་མངོན་གསལ་གནང་འདུག
ད་དུང་ཁོང་གིས་བྱེད་བབ་འདི་ནི་ལོ་ངོ་བཅུ་ཕྲག་མང་པོའི་རིང་བོད་མིའི་ངོ་བོ་གཏོར་བཤིག་གཏོང་ཐབས་ཀྱི་གོམ་པ་གསར་ཤོས་ཤིག་དེ་རེད་ཅེས་དང་། ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་། བོད་མི་ ༡༧༠ ལྷག་གིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་ཡོད་ཀྱང་། ཁོང་ཚོའི་ཁྲོད་ནས་མང་ཆེ་བའི་མཚན་གསར་འགྱུར་ནང་ནམ་ཡང་ཐོན་ཐུབ་མེད་པ་མ་ཟད། བོད་ཀྱི་འཐབ་རྩོད་ནི་འཚེ་བ་མེད་པ་དང་དམངས་གཙོའི་ལམ་ལུགས་ཤིག་ཡིན་ལ། དེ་ནི་སྐབས་རེའི་གསར་འགྱུར་གྱི་འགོ་བརྗོད་ཙམ་ལས་ལྷག་པ་ཞིག་ཡིན་པ་དང་། ལྷག་དོན་དུ་མི་སྒེར་གྱི་ཡིད་ཆེས་དང་ཆབ་སྲིད་ཀྱི་ལམ་ལུགས་ལ་མ་ལྟོས་པར་མི་དམངས་ཀྱི་རང་སྐྱོང་ལ་བརྩི་བཀུར་བྱེད་དགོས་ཤིང་། མཐར་ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཀའི་དབུ་ཁྲིད་རྣམས་དང་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་ལ་བོད་ནང་དུ་ཅི་ཞིག་འབྱུང་བཞིན་པ་དེ་གསལ་པོར་བརྗོད་དགོས་པ་དང་། བོད་མི་མང་དང་ལྷན་དུ་རྒྱབ་སྐྱོར་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད་པ་གསུངས་འདུག




