Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་གིས་བོད་ཐོག་བཏོན་པའི་རྒྱབ་ཤ་དཀར་པོའི་ཡིག་ཆར་རྒྱ་ནག་གི་དགོས་མཁོ་ལས་བོད་ཀྱི་དངོས་ཡོད་གནས་སྟངས་གང་ཡང་གསལ་མི་འདུག

Tibetan News Headlines

  • Rice planting with Tashi Tobgyal, Mainpat Tibetan Settlement’s Premier Farm Cultivator
  • Saga Dawa by Yangteng Rinpoche

རེས་གཟའ་ཉི་མ། ༢༠༢༤།༠༥།༡༢

  • མན་སྤར་ཕན་བདེ་གླིང་བོད་མིའི་གཞིས་ཆགས་ཀྱི་ཞིང་པ་བཀྲིས་སྟོབས་རྒྱལ་ལགས་དང་གླེང་མོལ།
  • ས་ག་ཟླ་བ་ངོ་སྤྲོད།

ཉེ་ཆར་ཕྱི་ཚེས་ ༡༠ ཉིན་རྒྱ་ནག་དམར་ཤོག་གཞུང་གིས་དུས་རབས་གསར་པའི་ནང་རྒྱ་ནག་དམར་གཞུང་གིས་བོད་སྐྱོང་སྟངས་ཀྱི་སྲིད་བྱུས་དང་གྲུབ་འབྲས་ཞེས་འཁོད་པའི་བོད་ཐོག་རྒྱབ་ཤ་དཀར་པའི་ཡིག་ཆ་ཞིག་འདོན་སྤེལ་བྱས་ནས་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཟེར་བར་ལོ་རེའི་ཐོན་སྐྱེད་ཀྱི་ཡོང་འབབ་རྒྱ་སྒོར་ཐེར་འབུམ་ ༢༡༣ ལྷག་ལ་བྱུང་བ་དེ་ནི་ཞི་ཅིན་ཕིང་གིས་སྲིད་དབང་བཟུང་བ་ནས་བཟུང་སྟེ་ཁུལ་དེར་སྔར་བྱུང་མྱོང་མེད་པའི་ཡར་རྒྱས་ཀྱི་ཚད་གཞི་མཐོ་ཤོས་ཤིག་ཆགས་ཡོད་པ་དང་། བོད་ནང་གི་བོད་མི་རྣམས་ལ་ཆོས་དད་དང་སྐད་ཡིག་གི་རང་དབང་ཚད་ལྡན་ཡོད་པ། དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་རྣམ་གཉིས་ཀྱི་ཡང་སྲིད་རྒྱ་ནག་རྒྱལ་ནང་ནས་ཐག་གཅོད་བྱེད་དགོས་པ་དང་། བླ་སྤྲུང་ཡང་སྲིད་ཀྱི་གནང་སྒོ་ཁག་ལ་རྒྱ་ནག་གཞུང་གི་ཆོག་མཆན་དང་རྒྱབ་གཉེར་ངེས་པར་དུ་དགོས་པ་སོགས་བཤད་ཡོད་པ་རེད། 

རྒྱ་ནག་གིས་བོད་ཐོག་བཏོན་པའི་རྒྱབ་ཤ་དཀར་པོའི་ཡིག་ཆ་དེ་དང་འབྲེལ་ཁ་ས་ཨ་རི་ནང་ལ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དཔྱད་ཞིབ་ལན་འདེབས་ཤིག་འདོན་སྤེལ་གནང་འདུག་པ་དང་། རྒྱ་ནག་གཞུང་གིས་བོད་ཐོག་བཏོན་པའི་རྒྱབ་ཤ་དཀར་པོའི་ཡིག་ཆར་ཞི་ཅི་ཕིང་གི་ལས་ཡུན་རིང་ལ་བོད་ནང་གི་དཔལ་འབྱོར་དང་མི་མང་གི་གནས་སྟངས་ཡར་རྒྱས་ཚད་མཐོ་པོ་བཏང་ཡོད་པར་མ་ཟད། བོད་ནང་ལ་ཕྱོགས་ཡོངས་ནས་དོན་ཕན་ལྡན་པའི་འཛུགས་སྐྲུན་རྒྱ་ཆེར་བྱས་ཡོད་པ་སོགས་བཀོད་པ་དེ་ནི་རྒྱ་ནག་རང་ཉིད་ཀྱི་དགོས་མཁོ་དང་མཐུན་པའི་འགྲེལ་བཤད་རྒྱག་སྟངས་ཤིག་ལས་དོན་དམ་ལ་བོད་ནང་གི་བོད་མིའི་གནས་སྟངས་དང་མི་རིགས་ཀྱི་ངོ་བོ། ལག་བསྟར་བྱེད་བཞིན་པའི་གཏན་འཇགས་སློབ་གྲྭའི་གནས་སྟངས། གཞིས་སྤོའི་ལས་གཞི་རྒྱ་ཆེར་སྤེལ་བཞིན་པ་སོགས་བོད་ནང་གི་དངོས་ཡོད་གནས་སྟངས་གང་ཡང་གསལ་མི་འདུག་ཅེས་གསུངས་འདུག

ཕྱི་ལོ་ ༢༠༡༢ ལོར་ཞི་ཅི་ཕིང་རྒྱ་ནག་གི་འགོ་ཁྲིད་ཆགས་སྐབས་བོད་རྒྱའི་གནད་དོན་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡོང་རེ་གནང་ཡོད་ཀྱང་། ད་བར་བོད་མིའི་ཐོག་སྔར་ལྷག་དམ་བསྒྲགས་དང་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་རྒྱུའི་སྲིད་བྱུས་དང་ལས་གཞི་སྣ་ཚོགས་ལག་བསྟར་བྱས་དང་བྱེད་བཞིན་པ་ནི་དེ་སྔ་རྒྱ་ནག་གིས་བོད་གཙོས་གྲངས་ཉུང་མི་རིགས་ལ་རང་ཉིད་ཀྱི་རིག་གཞུང་དང་ངོ་བོ་སྲུང་སྐྱོབ་གནང་རྒྱུའི་ཐོབ་ཐང་ཡོད་སྐོར་བཤད་པའི་རང་དབང་དེ་དག་སྤྲོད་ཀྱི་མེད་པར་མ་ཟད། བོད་ནང་གི་སློབ་ཕྲུག་གཙོ་བོར་གྱུར་པའི་བོད་པའི་གཞོན་སྐྱེས་རྣམས་ཀྱི་བསམ་བློ་རྒྱ་ནག་ཅན་དུ་བསྒྱུར་ཐབས་སུ་རྒྱལ་ཞེན་གྱི་སློབ་གསོ་དང་། བོད་ཕྲུག་རྣམས་བཙན་དབང་ཐོག་རྒྱ་ནག་གི་ཆེད་འཛུགས་བྱས་པའི་གཏན་འཇགས་སློབ་གྲྭ་ཁག་ཏུ་བཅུག་ནས་བོད་ཀྱི་སྐད་ཡིག་གཙོས་ཐུན་མོང་མ་ཡིན་པའི་བོད་མིའི་ངོ་བོ་དང་ཁ་བྲལ་དུ་གཏོང་བཞིན་ཡོད་པ་རེད་གསུངས་འདུག

ལྷག་པར་དུ་རྒྱ་ནག་གིས་བོད་ཐོག་བཏོན་པའི་རྒྱབ་ཤ་དཀར་པོའི་ཡིག་ཆར་༸གོང་ས་མཆོག་དང་༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་རྒྱ་ནག་རང་གིས་ཐག་གཅོད་བྱེད་དགོས་པ་དང་། བླ་སྤྲུལ་ཡང་སྲིད་ཀྱི་གནང་སྒོ་ཁག་ལ་རྒྱ་ནག་གཞུང་གི་ཆོག་མཆན་དང་རྒྱབ་གཉེར་ངེས་པར་དུ་དགོས་པ་སོགས་བཤད་པ་དེ་ནི་ལོ་རྒྱུས་རང་བཞིན་པའི་༸རྒྱལ་བའི་ཡང་སྲིད་ཀྱི་བྱུང་རབས་དང་སྲོལ་རྒྱུན་གྱི་གནང་སྒོ་ཁག་ལ་རྒྱུས་མངའ་རྩ་བ་ནས་མེད་པའི་སྐད་ཆ་ཞིག་ཡིན་པར་འགྲེལ་བརྗོད་དང་སྦྲགས། བོད་དང་བོད་མི། བོད་མིའི་ངོ་བོ་དང་རིན་ཐང་། སྲོལ་རྒྱུན་རིག་གཞུང་སོགས་ལ་གོ་རྟོགས་དང་རྒྱུས་མངའ་མེད་མཁན་གྱི་དབང་ཆ་གཅིག་བསྡུས་རིང་ལུངས་ཀྱི་སྲིད་གཞུང་ཞིག་གིས་བོད་ཐོག་ལ་བཏོན་པའི་ཡིག་ཆ་དཀར་པོ་དེར་ཀློག་པ་པོ་ཡོངས་ནས་ཡིད་ཆེས་དང་ངོས་ལེན་གནང་རྒྱུ་མེད་ཅེས་གསུངས་འདུག

འདས་པའི་དུས་ཚོད་ནང་ཨ་རི་དང་ཁེ་ན་ཌ། དེ་བཞིན་ཇར་མན་སོགས་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གཅིག་གི་སྐུ་ཚབ་དང་། ལྷག་དོན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འབྲེལ་ཡོད་ཚོགས་ཆུང་ཁག་ནས་གཏན་འཇགས་སློབ་གྲྭ་གཙོས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་རྒྱ་ནག་ལ་འདྲི་རྩད་ནན་པོ་གནང་བའི་གནས་སྟངས་བྱུང་བ་དང་། རིང་མིན་ཕྱི་ཟླ་དང་པོ་ནང་རྒྱལ་ཚོགས་ཀྱི་རྒྱ་ནག་ཐོག་གི་ཉན་ཞིབ་ལས་རིམ་འཚོགས་གཏན་ཁེལ་ཡོད་སྟབས། རྒྱ་ནག་གིས་བོད་ནང་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཆེན་པོ་ཕྱིན་ཡོད་སྐོར་ཁོ་ན་བཤད་པའི་ཡིག་ཆ་དེ་ནི། རྒྱལ་སྤྱིའི་མི་མང་དང་རྒྱལ་ཚོགས་གཙོས་གཞུང་གི་སྐུ་ཚབ་མི་སྣ་རྣམས་ཀྱི་བསམ་བློ་བསླུ་ཁྲིད་བྱ་རྒྱུའི་ཐབས་ལམ་ཞིག་ཀྱང་རེད་ཅེས་གསུངས་འདུག ལྷག་པར་དུ་ད་རེས་བོད་ཐོག་ཤོག་གྲངས་ ༣༢ ཅན་གྱི་རྒྱབ་ཤ་དཀར་པོའི་ཡིག་ཆའི་ཁ་བྱང་དུ་དབྱིན་སྐད་ཐོག་ Tibet ཞེས་པའི་ཚབ་ཏུ་ Xizang ཞེས་སྤྱོད་པ་དེ་ནི་རྒྱ་ནག་གཞུང་གིས་བོད་ཀྱི་བདག་དབང་རྒྱ་ནག་ལ་ཡོད་སྐོར་དང་། བོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་ཐོག་མེད་པ་བཟོ་ཐབས་བྱུས་ཤིག་ཡིན་པར་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།