དེང་སྐབས་རྒྱ་དཀར་ནག་གཉིས་དབར་འབྲེལ་ལམ་བསྐྱར་གསོའི་ཐོག་སྐྱོད་བཞིན་པའི་ཁྲོད། རྒྱ་ནག་གིས་རྒྱ་གར་མི་སེར་རྣམས་ལ་རྒྱ་ནག་ནང་དུ་བསྐྱོད་རྒྱུའི་མཐོང་མཆན་སྤྲད་ཕྱོགས་ཀྱི་བརྒྱུད་རིམ་ལས་སླ་རུ་བཏང་བའི་བརྒྱུད། རྒྱ་གར་གྱི་འཕེལ་རྒྱས་འགྲོ་བཞིན་པའི་འགྲུལ་ཤུལ་ཁྲོམ་རའི་ཁེ་ཕན་ལོངས་སུ་སྤྱོད་ཐབས་བྱ་རྒྱུ་ཡིན་སྟབས། རྒྱ་གར་གྱི་ངོས་ནས་རྒྱ་ནག་ལ་ཡིད་ཆེས་བྱེད་དཀའ་བའི་གནས་སྟངས་ཀྱི་འོག་ནས་རྒྱ་ནག་དང་མཉམ་ལས་ཀྱི་གོ་སྐབས་ཡོད་པ་རྣམས་ལོངས་སུ་སྤྱོད་རྒྱུ་ཡིན་པ་འཁོད་འདུག

དེ་ཡང་ཁ་སང་ Global Times རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་གྱི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བའི་ནང་དུ། ཉེ་ཆར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ལས་ཁུངས་ཀྱི་གསལ་བསྒྲགས་སྤེལ་བ་བཞིན། ཁ་སང་ཕྱི་ཚེས་ ༢༢ ནས་འགོ་བཙུགས་ཏེ་རྒྱ་ནག་ཏུ་བསྐྱོད་འདོད་ཡོད་མཁན་རྒྱ་གར་གྱི་མི་སེར་རྣམས་ནས་དངོས་སུ་རྒྱ་ནག་གཞུང་ཚབ་ལས་ཁུངས་སུ་བསྐྱོད་མི་དགོས་པར་དྲྭ་རྒྱའི་ཐོག་ནས་མཐོང་མཆན་ཞུ་ཆོག་པ་ཡོངས་བསྒྲགས་བྱས་པ་དང་འབྲེལ། རྒྱ་ནག་གི་ངོས་ནས་རྒྱ་དཀར་ནག་གཉིས་ཀྱི་མང་ཚོགས་དབར་དངོས་སུ་ངོ་ཐུག་གི་འབྲེལ་བ་བྱེད་ཐུབ་རྒྱུའི་མཐུན་རྐྱེན་བསྐྲུན་ཏེ། རྒྱལ་ཁབ་ཕྱོགས་གཉིས་ཀྱི་ཚོང་འབྲེལ་དང་མཉམ་ལས་གོང་འཕེལ་ལ་ཤུགས་གནོན་རྒྱག་བཞིན་ཡོད་པ་བརྗོད་འདུག
དེའང་འདི་ལོའི་ཕྱི་ཟླ་ ༡༠ པའི་ནང་རྒྱ་དཀར་ནག་གཉིས་དབར་ལོ་ལྔའི་རྗེས་སུ་ཐད་ཀར་གནམ་གྲུའི་འགྲུལ་ཤུལ་བསྐྱར་གསོ་བྱས་པའི་རྗེས་སུ་ད་རེས་རྒྱ་ནག་གི་ཐག་གཅོད་དེ་བྱས་ཡོད་པ་དང་། ཐབས་ལམ་དེ་ལྟ་བུའི་བརྒྱུད་ནས་རྒྱལ་ཁབ་ཕྱོགས་གཉིས་དབར་ཁྲོམ་ར་དང་གོ་སྐབས་འདྲ་མིན་ནང་དུ་ཕན་ཚུན་མཉམ་ལས་གོང་འཕེལ་བཏང་བའི་ཐོག་ནས་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་ཀྱི་ཕྱོགས་སུ་འཁྲིད་རྒྱུ་ཡིན་པ་བརྗོད་འདུག
Markets and Markets ཞེས་རྒྱ་གར་གྱི་ཚོང་འབྲེལ་ཉམས་ཞིབ་ལྟེ་གནས་ཁང་གི་སྙན་ཐོར་གཞིགས་པ་ཡིན་ན། འདས་ལོར་རྒྱ་གར་ནས་ཕྱིའི་རྒྱལ་ཁབ་ཁག་ཏུ་བསྐྱོད་པའི་ཚོང་གི་ཁེ་ཕན་ཨ་སྒོར་ཐེར་འབུམ་ ༢༡་༦ བྱུང་ཡོད་པ་དང་། ཕྱི་ལོ་ ༢༠༣༣ བར་དུ་དངུལ་འབོར་དེ་ལྡབ་གཉིས་ཀྱི་མང་རུ་ཕྱིན་ཏེ་ཨ་སྒོར་ཐེར་འབུམ་ ༦༡ ལྷག་ཆགས་སྲིད་པ་ཞེས་འཁོད་ཡོད་སྟབས། ད་ལྟ་རྒྱ་ནག་གིས་རྒྱ་གར་ལ་མཐོང་མཆན་གྱི་བརྒྱུད་རིམ་ལས་སླ་རུ་བཏང་བ་དེས་རྒྱ་གར་འགྲུལ་བསྐྱོད་ཀྱི་ཚོང་འབྲེལ་ཁེ་ཕན་དེའི་དུམ་བུ་ཞིག་རྒྱ་ནག་ལ་ཐོབ་ན་སྙམ་ནས་བྱེད་བཞིན་ཡོད་པ་བརྗོད་འདུག
སྙན་ཐོའི་ནང་དུ། ཕྱི་ལོ་ ༢༠༢༠ སྔོན་ཚུད་ཕྱི་ལོ་ ༢༠༡༩ ལོར་རྒྱ་གར་ནས་ཁྱོན་མི་གྲངས་གཅིག་འབུམ་བཞི་ཁྲི་ཉི་སྟོང་ཙམ་རྒྱ་ནག་ནང་དུ་ཡུལ་སྐོར་སྤྲོ་འཆམ་ལ་བསྐྱོད་ཡོད་པ་དང་། དེའང་དེ་སྔའི་ ༢༠༢༣ ལོའི་གྲངས་ཚད་ནས་བརྒྱ་ཆ་ ༡༩ ཡི་མང་རུ་ཕྱིན་ཡོད་པ་བཅས་རྒྱ་གར་ནས་རྒྱ་ནག་ལ་ཡུལ་སྐོར་སྤྲོ་འཆམ་དུ་བསྐྱོད་མཁན་ལོ་རེར་མང་རུ་འགྲོ་བཞིན་པ་དེ་ལྟར་ཡང་། ཕྱི་ལོ་ ༢༠༢༠ ལོར་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་དང་དེའི་ཁྲོད་ Galwan གདོང་ཐུག་སོགས་ཆབ་སྲིད་ཀྱི་དཀའ་ངལ་ཁྲོད་ནས་རྒྱ་གར་ནས་རྒྱ་ནག་ནང་དུ་བསྐྱོད་མཁན་ཧ་ཅང་ཉུང་ཉུང་ཆགས་ཡོད་པ་རེད།
དེའི་བར་ན་ཉེ་ཆར་ India Briefing བརྒྱུད་ལམ་གྱི་གནས་ཚུལ་སྤེལ་བའི་ནང་དུ། ཟླ་བ་འདིའི་ཕྱི་ཚེས་ ༡༧ ཉིན་རྒྱ་གར་གཞུང་གི་ངོས་ནས་རྒྱ་གར་གྱི་ཚོང་ལས་ཁང་རྣམས་ལ་རྒྱ་ནག་གཙོས་པའི་ཕྱི་ཕྱོགས་ཀྱི་ཁྱད་ལས་པ་རྣམས་ལ་དྲྭ་ཐོག་མཐོང་མཆན་ཞུ་རྒྱུའི་ཆོག་མཆན་དང་ཁྱད་ལས་པ་རྣམས་ཀྱི་མཐོང་མཆན་ཞུ་རྒྱུའི་བརྒྱུད་རིམ་གྱི་དུས་ཡུན་བདུན་ཕྲག་བཞི་བར་ཉུང་དུ་བཏང་ཡོད་པ་མངོན་གསལ་གནང་འདུག

གནད་དོན་དབྱེ་ཞིབ་པ་རྣམས་ཀྱི་གསུང་ན། རྒྱ་དཀར་ནག་གཉིས་ཀྱི་ཕན་ཚུན་མཐོང་མཆན་སྤྲད་རྒྱུའི་ཐད་མཐུན་འགྱུར་སྦྱོར་བཞིན་པ་དེ་དག་འབྲེལ་ལམ་ཡར་རྒྱས་ཐད་གོམ་པ་ཆེན་པོ་ཞིག་ཡིན་ཡང་། རྒྱལ་ཁབ་ཕྱོགས་གཉིས་དབར་ས་མཚམས་སོགས་ཐབས་བྱུས་ཀྱི་དཀའ་ངལ་རྣམས་ད་ལྟའང་མ་སེལ་བར་ལུས་ཡོད་སྐོར་དང་། མ་ཟད་རྒྱལ་ཁབ་ཕན་ཚུན་འཛིན་སྐྱོང་གི་ཐག་གཅོད་གཅིག་ཙམ་མ་ཡིན་པར། སྲིད་བྱུས་རིམ་པའི་ཐོག་ནས་ཐག་གཅོད་གནང་མིན་གྱིས་དངོས་སུ་འབྲེལ་ལམ་ཡར་རྒྱ་འགྲོ་མིན་བརྗོད་ཐུབ་རྒྱུ་ཡིན་པ་གསུང་མཁན་འདུག
དེའི་བར་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ Global Times ཀྱི་གནས་ཚུལ་སྤེལ་བའི་ནང་དུ། ཟླ་བ་འདིའི་ཕྱི་ཚེས་ ༢༠ ཉིན་རྒྱ་ནག་རྒྱལ་ས་པེ་ཅིང་དུ་འཚོགས་པའི་གསར་ཁང་དེའི་ ༢༠༢༦ ལོའི་ལོ་འཁོར་ལྷན་ཚོགས་ཐོག དེང་དུས་ཀྱི་རྒྱལ་སྤྱིའི་འབྲེལ་ལམ་ཞིབ་འཇུག་ལྟེ་གནས་ཁང་གི་ཤེས་ཡོན་ལྷན་ཚོགས་ཀྱི་དྲུང་ཆེ་གཞོན་པ་ Hu Shisheng ཟེར་བ་དེས་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་དེ་བཞིན་ཆེས་མཐོའི་དཔོན་རིགས་རྣམ་པའི་འབྲེལ་མོལ་འོག་གནས་སྟངས་སྡུག་པོ་ཞིག་ནས་ཡར་རྒྱས་ཕྱིན་པ་ཡིན་སྐོར་བཀོད་ཡོད་འདུག
ཡིན་ནའང་རྒྱ་གར་གྱི་ New India Express བརྒྱུད་ལམ་གྱི་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་དུ། རྒྱ་གར་ཕྱི་སྲིད་བློན་ཆེན་ Jaishankar མཆོག་གིས་རྒྱ་ནག་གི་ལྷན་དུ་ཐག་མ་ཆོད་པའི་ས་མཚམས་རྩོད་རྙོག་དང་། ས་མཚམས་ས་ཁུལ་དུ་སྐབས་དུས་ཀྱི་དམག་གི་ཉེན་ཁ། སྒོས་སུ་ཨེ་ཤི་ཡ་སྤྱི་ཡོངས་སུ་ཐབས་བྱུས་ཀྱི་འགྲན་ཚོད་སོགས་དཀའ་ངལ་མང་པོ་ཞིག་གི་ཁྲོད་ནས་འབྲེལ་ལམ་འཇོག་བཞིན་ཡོད་པ་དང་། ད་ལྟའི་ཆར་རྒྱལ་ཁབ་ཕྱོགས་གཉིས་ཀའི་ངོས་ནས་རྙོག་གླེང་ཇེ་ཆེར་མི་འགྲོ་བའི་ཐབས་ཤེས་གནང་བཞིན་ཡོད་ཀྱང་། ད་ལྟའང་ཡིད་ཆེས་བྱེད་དཀའ་བའི་གནས་སྟངས་ཡོད་པ་བརྗོད་འདུག



