Tibetan Royal Year of 2151 | Year of the Wood Dragon

སྲིད་སྐྱོང་མཆོག་གིས་རྒྱ་ནག་གིས་རྒྱལ་སྤྱིའི་ལམ་ལུགས་གསར་པ་བཟོ་ཐབས་འོག་ཚུད་རྒྱུ་མེད་ཅེས་གསུངས་འདུག

Tibetan News Headlines

  • Former political prisoner Namkyi’s brave Journey: From Protest, Imprisonment to Eventual Escape to India

རེས་གཟའ་སྤེན་པ། ༢༠༢༤།༠༥།༠༤

  • རྒྱ་གཞུང་གི་མནར་གཅོད་འོག་༸རྒྱལ་བ་རིན་པོ་ཆེར་དད་གུས་གཡོ་མེད་དུ་གནས་པའི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས།

 ཁ་སང་ཕྱི་ཚེས་ ༡༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་རྒྱལ་ཡོངས་གསར་འགོད་ལྷན་ཚོགས་ཐོག་བོད་དོན་གཙོ་བར་འགྱུར་བའི་རྒྱ་ནག་དང་རྒྱལ་སྤྱིའི་ས་བབ་ཆབ་སྲིད་ཀྱི་གནས་སྟངས་ཐོག་གསུང་བཤད་དང་བཅར་འདྲི་ལས་རིམ་ཁྲོད། ད་ལྟའི་བོད་ནང་གི་རྫ་དྲག་གནས་སྟངས་ངོ་སྤྲོད་དང་འབྲེལ། ལོ་རྒྱུས་ཀྱི་ཐོག་ནས་བོད་དེ་རང་བཙན་གཙང་མ་ཡིན་པ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཤེས་དགོས་གལ་ཙམ་མ་ཟད། རྒྱ་ནག་གིས་རྒྱལ་སྤྱིའི་ལམ་ལུགས་གསར་བཟོའི་འབད་བརྩོན་འོག་ཚུད་རྒྱུ་མེད་ཅེས་གསུངས་འདུག

ཨ་རིའི་རྒྱལ་ཡོངས་གསར་འགོད་ལྷན་ཚོགས་ཀྱི་བཅར་འདྲི་ལས་རིམ་དབུ་འཛུགས་མ་གནང་གོང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་གསུང་བཤད་ཁྲོད། བོད་ཀྱི་ཁོར་ཡུག་དང་ས་བབ་ཆགས་ཚུལ་གྱི་གལ་གནད་དང་འབྲེལ། ད་ལྟའི་ཆར་བོད་འདི་ཉིད་ཆབ་སྲིད་ཀྱི་བཙན་བྱོལ་བ་ཞིག་ཏུ་གྱུར་ཡོད་ཀྱང་། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐོག་ཐུགས་སྣང་མ་གནང་ཚེ་མ་འོངས་པར་ཁོར་ཡུག་གི་བཙན་བྱོལ་བ་ཡོང་སྲིད་པའི་གནས་སྟངས་ཤིག་ཡིན་པ་མ་ཟད། བོད་ཀྱི་རང་དབང་གནས་བབ་དང་། བོད་མིང་བཙན་གྱི་ Xizang ཤི་ཙང་དུ་བསྒྱུར་རྒྱུའི་གནད་དོན། ཆོས་ལུགས་དམ་བསྒྲགས་དང་། གཏན་འཇགས་བཅའ་སྡོད་སློབ་གྲྭ དེ་བཞིན་རྒྱལ་སྤྱིའི་ས་བབ་ཆབ་སྲིད་ཀྱི་ཐོག་ནས་རྒྱ་ནག་ལ་གདོང་ལེན་གནང་ཕྱོགས་སོགས་ཀྱི་ཐོག་ལ་གསུང་བཤད་གནང་ཡོད།

བཅར་འདྲི་ལས་རིམ་ཁྲོད་སྲིད་སྐྱོང་མཆོག་གིས་རྒྱ་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཏུ་བོད་ཡིག་སློབ་ཁྲིད་མེད་པ་བཟོ་བཞིན་ཡོད་པ་དེ་བོད་ལ་ཉེན་འཚབ་ཆེན་པོ་ཞིག་ཡིན་་ཅིང་། རྒྱ་གཞུང་གི་ངོས་ནས་བོད་ལ་དབྱིན་ཡིག་ཐོག་ Tibet ཞེས་པ་དེའང་ Xizang དུ་བཙན་བསྒྱུར་གྱིས་མདོར་ན་བོད་ཀྱི་སྐད་ཡིག་དང་མིང་། དེ་བཞིན་རིག་གཞུང་དང་བཅས་པར་ནག་སུབས་གཏོང་ཐབས་ཀྱི་བོད་རྒྱ་བསྒྱུར་གྱི་སྲིད་བྱུས་ལག་བསྟར་ཤུགས་ཆེར་བྱེད་བཞིན་ཡོད་པའི་ཐོག་བོད་ཀྱི་ལོ་རྒྱུས་ཐོག་ལ་འཁྱོག་བཤད་བྱེད་ཀྱི་ཡོད་སྟབས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་ཀྱང་བོད་འདི་རྒྱ་ནག་གི་ཆ་ཤས་རེད་ཅེས་བརྗོད་ཚེ་དེ་ནི་རྒྱལ་སྤྱིའི་ཁྲིམས་སྒྲིག་དང་ཡོངས་སུ་འགལ་གྱི་ཡོད་པ་དང་། ལྷག་པར་དུ་རྒྱ་ནག་དང་ལྷན་དུ་ཞི་བའི་གྲོས་མོལ་བྱ་དགོས་པའི་སྐད་ཆ་དེའང་ནང་འགལ་ཞིག་ཏུ་གྱུར་ངེས་ཡིན་པ་སོགས་ནན་བརྗོད་གནང་འདུག

སྲིད་སྐྱོང་མཆོག་གིས་རྒྱ་ནག་གི་རྩ་ཁྲིམས་དང་ལག་བསྟར་གཉིས་མཐུན་གྱི་མེད་སྟབས་ཞི་བདེ་ལྷིང་འཇགས་སོགས་བཤད་ཀྱང་དོན་དངོས་ཐོག་དེ་ལྟར་མེད་པ་རེད་ཅེས་གསུངས་ཏེ། རྒྱ་ནག་གི་བྱེད་བབ་དེ་དག་ལས་ཁྱིམ་མཚེས་རྒྱལ་ཁབ་རྣམས་ཀྱི་དམག་དོན་རྒྱ་སྐྱེད་ལ་འགྲོ་གྲོན་སྔར་ལྷག་གཏོང་བཞིན་ཡོད་པ་དང་། ལྷག་པར་དུ་རྒྱ་གར་གྱི་ངོས་ནས་རྒྱ་ནག་ལ་གདོང་ལེན་ནན་པོ་བྱེད་བཞིན་ཡོད་པ་རེད། ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཚོས་ཀྱང་རྒྱ་ནག་དང་ལྷན་དུ་འབྲེལ་བ་བྱས་སྐབས་གཟབ་གཟབ་བྱ་དགོས་གལ་ཙམ་མ་ཟད། འགྲོ་བ་མིའི་ཐོབ་ཐང་དང་རང་དབང་སོགས་གླེང་སློང་བྱེད་མཁན་གྱི་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས་གནད་དོན་དེ་དག་ཐོག་ཐུགས་འཁུར་ནན་བཞེས་ཐོག་རྒྱ་ནག་གིས་རྒྱལ་སྤྱིའི་ལམ་ལུགས་གསར་བཟོའི་འབད་བརྩོན་འོག་ཚུད་རྒྱུ་མེད་པ་སོགས་གསུངས་འདུག

མ་ཟད་སྲིད་སྐྱོང་མཆོག་གིས་རྒྱ་ནག་གཅིག་གི་ལྟ་གྲུབ་དང་། རྒྱ་ནག་གཅིག་གི་སྲིད་བྱུས་གཉིས་བར་གྱི་ཁྱད་པར་ལས་འཕྲོས་ཏེ། བོད་ལྟ་བུ་ཆ་མཚོན་ན་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་གཙང་མ་ཡིན་པའི་ཐོག ལོ་རྒྱུས་སྨྲ་བ་ཁག་གིས་ཉམས་ཞིབ་འབྲུ་དོན་ནང་རྒྱ་ནག་ཆིངས་དང་མིང་། དེ་བཞིན་མན་ཇུ་རྒྱལ་རབས་སོགས་ཀྱི་ནང་བོད་འདི་རྒྱ་ནག་གི་ཆ་ཤས་སུ་གསལ་གྱི་མེད་པ་སོགས་ཀྱི་གནད་དོན་ནན་བརྗོད་གནང་རྗེས། བོད་དོན་འཐབ་རྩོད་མུ་མཐུད་རྒྱུན་སྐྱོང་དང་འབྲེལ། དེའི་ནང་བོད་པའི་གཞོན་སྐྱེས་ཚོ་གནད་འགག་ཆེན་པོ་ཆགས་ཀྱི་ཡོད་པ་སོགས་གསུངས་འདུག

རྩ་བའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་རྒྱལ་ས་ Washington DC ནང་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གཙོས་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ཁག་གཅིག་མཇལ་འཕྲད་གནང་སྟེ།  བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ལ་རྒྱབ་སྐྱོར་དགོས་པ་སོགས་ཀྱི་བོད་དོན་ཞུ་སྐུལ་རིམ་པ་གནང་བཞིན་ཡོད་པ་དང་འབྲེལ། ཁ་སང་ཕྱི་ཚེས་ ༡༨ ཉིན་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་དམར་ཤོག་ཚོགས་པ་དང་འབྲེལ་བའི་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་མཻག་གྷ་ལ་གྷེར་ Mike Gallagher ལགས་དང་། ཚོགས་མི་རཱ་ཇཱ་ཀྲྀཥྞཱ་མཱུརྟི་ Raja Krishnamoorthi ལགས་གཉིས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་རི་ཅཊ་གྷེ་རི་ལགས་རྣམ་གཉིས་དང་མཇལ་འཕྲད་གནང་རྗེས་བོད་དོན་ལ་རྒྱབ་སྐྱོར་གྱི་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་དུ། འདས་པའི་ལོ་ཡུན་དུ་མའི་རིང་རྒྱ་གཞུང་གིས་བོད་མིའི་ཐོག་མནར་གཅོད་དང་། བཙན་བཟུང་། དྲག་གནོན། བོད་མིའི་གཞི་རྩའི་རང་དབང་དང་རང་སྐྱོང་ལ་དམ་བསྒྲགས་སོགས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེ་བཏང་རྐྱེན་བོད་མིས་དཀའ་སྡུག་ཚད་མེད་མྱངས་ཡོད་ཅིང་། ལྷག་པར་ཉེ་ལམ་ཞི་ཅིན་ཕིང་གིས་བོད་མིར་དྲག་གནོན་ཚབས་ཆེ་རུང་བཏང་ཡོད་པ་མ་ཟད། ༸རྒྱལ་བའི་ཡང་སྲིད་ངོས་འཛིན་ཐད་ཐེ་བྱུས་དང་། བོད་མིའི་རིགས་རྫས་བསྡུ་རུབ་དང་སོ་ཉུལ་བྱེད་བཞིན་ཡོད་པ་རེད་ཅེས་འཁོད་འདུག

ད་དུང་བོད་དོན་ལ་ཐུག་སྐབས་ང་ཚོ་གཅིག་འགྱུར་གྱི་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་འགྲེལ་བརྗོད་དང་འབྲེལ། རྒྱ་དམར་གཞུང་གིས་བོད་བཙན་འཛུལ་བྱེད་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་པ་དང་། བོད་མི་རྣམས་འཇིགས་ཞུམ་མེད་པའི་ཐོག་ཞི་བའི་ངང་རང་ཉིད་ཀྱི་སྨྲ་བརྗོད་རང་དབང་ངེས་པར་དུ་དགོས་པར་བརྟེན། བོད་ནང་རྒྱ་དམར་གཞུང་གི་དྲག་གནོན་མཚམས་འཇོག་ཡོང་བར་ཞི་བའི་ཐབས་ལམ་འཚོལ་ཆེད་ང་ཚོས་འབྲེལ་ཡོད་སྐུ་ཞབས་རི་ཅཊ་གྷེ་རི་མཆོག་དང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལྷན་དུ་མཉམ་ལས་བྱེད་འཆར་ཡོད་ཅེས་བཀོད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།