དེང་སྐབས་ཨ་རྒྱ་གཉིས་ཀྱི་ཕྱི་འབྲེལ་གྱི་གནས་བབ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་གནས་སྐབས་འདིར། ཕྱོགས་གཉིས་ཀྱིས་ཕན་ཚུན་གྱི་གསར་འགོད་པ་རྣམས་ཀྱི་ལག་འཁྱེར་འཕར་འགྱངས་བྱེད་རྒྱུར་དམ་དྲག་བྱེད་བཞིན་པ་མངོན་གསལ་གནང་འདུག
དེ་རིང་། The Guardian གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་དུ། རྒྱ་ནག་གི་ནང་དུ་གནས་ཚུལ་འཚོལ་སྡོད་བྱེད་མཁན་གྱི་ཨ་རིའི་ Wall Street Journal དང་། CNN དེ་བཞིན་Bloomberg དང་ Getty Images སོགས་ཀྱི་གསར་འགོད་པ་རྣམས་ཀྱིས་རྒྱ་ནག་གི་ནང་དུ་མུ་མཐུད་དུ་ཕྱག་ལས་གནང་ཆོག་པའི་གསར་འགོད་པའི་ལག་འཁྱེར་འཕར་འགྱངས་ཞུ་སྐབས། རྒྱ་ནག་སྲིད་གཞུང་གིས་ཨ་རིའི་ནས་ཡུལ་དེའི་ནང་ཡོད་པའི་རྒྱ་ནག་གི་གསར་འགོད་པ་རྣམས་ལ་ཚད་བཀག་བྱེད་བཞིན་ཡོད་སྐོར་བརྗོད་དེ། རྒྱ་ནག་གིས་ཨ་རིའི་གསར་འགོད་པ་རྣམས་ཀྱི་ལག་འཁྱེར་འཕར་འགྱངས་ཞུ་རྒྱུ་མིན་པར་བསྒྲགས་འདུག
གཞི་རྩའི་རྒྱ་ནག་གི་ནང་དུ་ཕྱི་ཕྱོགས་ཀྱི་གསར་འགོད་པ་རྣམས་ཀྱི་ལག་འཁྱེར་དེ་ལོ་གཅིག་ལ་འཕར་འགྱངས་ཞུ་བཞིན་ཡོད་ནའང་། ཐེངས་འདིར་རྒྱ་ནག་གིས་གསར་འགོད་པ་རྣམས་ཀྱི་ལག་འཁྱེར་ཕྱིར་འགྱངས་མ་བྱས་པར། གནས་སྐབས་སུ་རྒྱ་ནག་གི་ནང་དུ་ལས་ཀ་བྱེད་ཆོག་པའི་ཡིག་ཆ་ཞིག་ཕུལ་ཏེ། ཨ་རིའི་གཞུང་གིས་ཡུལ་དེའི་ནང་ཕྱག་ལས་གནང་བཞིན་པའི་རྒྱ་ནག་གི་གསར་འགོད་པ་རྣམ་པའི་ཐོག་ཐག་གཅོད་ཇི་འདྲ་ཞིག་བྱེད་མིན་ལ་གཞིགས་ཏེ། རྒྱ་ནག་གིས་ཀྱང་ཨ་རིའི་གསར་འགོད་པ་རྣམས་ཀྱི་ལག་འཁྱེར་ཕར་འགྱངས་ཞུ་ཕྱོགས་ལ་བསམ་བློ་གཏོང་རྒྱུ་ཡིན་པར་བརྗོད་འདུག
སྤྱིར་ཨ་རིའི་གཞུང་ངོས་ནས་འདི་ལོའི་ཕྱི་ཟླ་ ༢ པའི་ནང་རྒྱ་ནག་གཞུང་གིས་གཉེར་བའི་གསར་ཁང་ལྔ་དང་ཕྱི་ཟླ་ ༦ པའི་ནང་གསར་ཁངགཞན་ ༤ གཞུང་ཚབ་ཡན་ལག་སྡེ་ཚན་དུ་ངོས་འཛིན་གྱིས་གསར་ཁང་དེ་དག་སོ་སོའི་ནང་ཨ་རིའི་མི་སེར་མ་ཡིན་པའི་ལས་བྱེད་བརྒྱ་ལས་མང་བ་བཞག་མི་ཆོག་པའི་ཐག་གཅོད་གནང་བ་བཞིན། རྒྱ་རིགས་ལས་བྱེད་མང་དག་ཅིག་ཨ་རི་ནས་ཕྱིར་ཐོན་བྱེད་དགོས་བྱུང་བ་དང་། རྒྱ་ནག་གཞུང་གིས་སྐབས་དེར་གནས་ཚུལ་དེ་ཐོན་འཕྲལ། ཨ་རིའི་གསར་འགོད་པ་མང་དག་ཅིག་ཡུལ་དེ་ནས་ཕྱིར་འབུད་བྱས་ཡོད་པ་རེད།
ཐཻངས་འདིར་རྒྱ་ནག་གིས་ཨ་རིའི་གསར་འགོད་པ་རྣམས་ཀྱི་ལག་འཁྱེར་འཕར་འགྱངས་བྱེད་རྒྱུར་དམ་དྲག་བྱེད་བཞིན་པའི་གནས་ཚུལ་ཐོན་འཕྲལ། རྒྱ་ནག་ནང་དུ་རྟེན་གཞི་བྱས་པའི་ FCCC ཞེས་པའི་ཕྱི་རྒྱལ་བའི་གསར་འགོད་མཐུན་ཚོགས་ཀྱིས་གནད་དོན་དེར་སེམས་འཚབ་ཀྱི་རྣམ་པ་ཤུགས་ཆེར་བསྟན་ཏེ། ཨ་རི་དང་རྒྱ་ནག་གཉིས་དབར་གྱི་ཕྱི་འབྲེལ་གྱི་འཐབ་རྩོད་ཁྲོད། ལག་འཁྱེར་ཚད་ལྡན་ཡོད་པའི་རྒྱ་ནག་ནང་གི་ཕྱི་རྒྱལ་གྱི་གསར་འགོད་པ་དེ་དག་ལག་ཆ་ལྟ་བུ་ཞིག་ཏུ་གྱུར་ཡོད་པ་མ་ཟད། བརྒྱུད་རིམ་དེའི་ཁྲོད་གསར་འགོད་པའི་རང་དབང་ལའང་དོ་ཕོག་ཆེན་པོ་ཐེབ་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་བ་དང་ཆབས་ཅིག རྒྱ་ནག་གཞུང་གིས་གསར་འགོད་པའི་མཐོང་ཆེན་ལ་དམ་དྲག་གི་ཐག་གཅོད་དེ་ཕྱིར་འཐེན་བྱེད་དགོས་པའི་འབོད་སྐུལ་ཞུས་འདུག
ཨ་རིའི་ CNN གསར་ཁང་གི་གསར་འགོད་པ། སྐུ་ཞབས་ David Culver ལགས་སུ། རྒྱ་ནག་གི་ལས་བྱེད་མི་སྣས་བརྗོད་པ་ལྟར་ན། ཐེངས་འདིེར་རྒྱ་ནག་གིས་ཕྱི་ལོག་གི་གསར་འགོད་པ་རྣམས་ཀྱི་ལག་འཁྱེར་ལ་ཚད་བཀག་བྱས་པ་དེ་ནི་ཨ་རིའི་ངོས་ནས་རྒྱ་ནག་གི་གསར་འགོད་པ་རྣམས་ཀྱི་ཕྱིར་སྐྱོད་ཀྱི་མཐོང་མཆན་ལ་ཚད་བཀག་བཟས་པའི་ཉེར་ལེན་ལ་བརྟེན་ནས་ཡིན་སྐོར་བརྗོད་འདུག
མ་ཟད་རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ Hua Chunying གྱིས་སྒེར་གྱི་ Twitter དྲ་གནས་སུ་ཨ་རིའི་ངོས་ནས་རྒྱ་ནག་གི་གསར་འགོད་པ་རྣམས་ལ་ངོས་འཛིན་ལེགས་པོ་བྱས་པ་ཡིན་ན། རྒྱ་ནག་གིས་ཀྱང་ཨ་རིའི་གསར་འགོད་པ་རྣམས་དང་ལྷན་དུ་མཐུན་ལམ་ལེགས་པོ་མཇུག་སྐྱོང་བྱེད་རྒྱུར་དགའ་མོས་ཡོད་པར་བྲིས་འདུག ཁོང་གིས་ད་དུང་རྒྱ་ནག་དང་ཨ་རིའི་བར་གྱི་གསར་ཁང་གི་གནད་དོན་དེ་ནི་གྲང་དམག་གི་བསམ་བློའི་འཁྱེར་སོ་ལས་ཐོན་པ་ཞིག་ཡིན་སྐོར་ངོ་སྤྲོད་ཀྱིས། ཨ་རི་ལམ་ནོར་ལ་སྐྱོད་རྒྱུར་མཚམས་མ་བཞག་ན། རྒྱ་ནག་ལ་གདམ་གསེས་གཅིག་ཀྱང་མེད་པར་རང་གི་ཁྲིམས་མཐུན་གྱི་ཁེ་དབང་གི་ཆེད་དུ་ཨ་རིར་ཁ་གཏད་གཅོག་རྒྱུ་ཡིན་སྐོར་བསྒྲགས་འདུག
Guardian གསར་ཁང་གིས། ད་ཆ་རྒྱ་ནག་གི་ནང་དུ་ཡོད་པའི་ཕྱི་རྒྱལ་གྱི་གསར་འགོད་ལྷན་ཚོགས་ཀྱི་གནས་སྟངས་ཇེ་ཞན་ཇེ་སྡུག་དུ་འགྲོ་བཞིན་པར་ལུང་འདྲེན་གྱིས། ཕྱི་ལོག་གི་གསར་འགོད་པ་རྣམས་ཀྱིས་རྒྱ་ནག་གི་ནང་དུ་བཅར་འདྲི་ཞུ་རྒྱུ་བཀག་སྡོམ་བྱས་ཟིན་པ་མ་ཟད། དུས་རྒྱུན་རྒྱ་ནག་གི་བདེ་འཇགས་ཀྱི་མི་སྣས་གསར་འགོད་པ་རྣམས་ལ་རྗེས་འདེད་གཏོང་གི་ཡོད་པ་ཡང་མངོན་གསལ་གནང་ཡོད་པ་དང་། དེ་བཞིན་རྒྱ་ནག་གི་མི་སེར་རྣམས་ཀྱིས་ཕྱི་ལོག་གི་གསར་ཁང་ལ་སྐད་ཆ་བཤད་རྒྱུར་དམིགས་བསལ་གྱི་ཆོག་མཆན་ཞུ་ཡིག་ཅིག་ལེན་དགོས་བ་ཡང་སྤྲོད་གནང་འདུག
དེ་བཞིན། ཉེ་སྔོན། ཨ་རིའི་ Los Angeles Times ཞེས་པའི་གསར་ཁང་གི་གསར་འགོད་པ་ཞིག་གིས་ནང་སོག་མི་མང་གིས་རྒྱ་ནག་ལ་ངོ་རྒོལ་བྱེད་བཞིན་པའི་གནས་ཚུལ་ལེན་སྐབས་རྒྱ་ནག་གིས་ཁོང་སྐེ་ནས་འཇུས་ཏེ་བཀག་སྐྱིལ་ཁང་དུ་ཁྲིད་ཡོད་པ་མ་ཟད། ཁོང་དེར་ཆུ་ཚོད་བཞི་ཙམ་གྱི་རིང་ལ་བཀག་སྐྱིལ་བྱས་ཡོད་ལུགས་བརྗོད་འདུག
གཞི་རྩའི་རྒྱ་ནག་གིས་འདི་ལོའི་ལོ་ཕྱེད་ནང་ཨ་རིའི་new York times གཙོ་བྱས་པའི་ཕྱི་ཕྱོགས་ཀྱི་གསར་འགོད་པ་ ༡༧ ལྷག་རྒྱ་ནག་ནས་ཕྱིར་འབུད་བཏང་ཟིན་ཡོད་པ་དང་། ད་ཆ་ཕྱོགས་གཉིས་ཀྱི་ཕྱི་འབྲེལ་གྱི་གནས་བབ་ཇེ་སྡུག་ཏུ་ཕྱིན་པ་དང་ལྷན་དུ། ཕན་ཚུན་གྱི་གསར་འགོད་པ་རྣམས་ལ་མཐོང་མཆན་སྤྲོད་ཕྱོགས་དང་ལག་འཁྱེར་ཕྱིར་འགྱངས་བྱེད་ཕྱོགས་སོགས་ཀྱི་ཐད་ནས་འགལ་ཟླ་ཇེ་ཆེར་འགྲོ་བཞིན་པ་རེད་འདུག




