རྒྱ་ནག་གཞུང་གིས་དགག་བྱ་ཆེས་ཆེར་བྱས་པར་ལྟོས་མེད་ Denmark རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་བཞི་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་ཐེ་ཝན་ནང་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་ཏེ། ཡུལ་དེའི་དཔོན་རིགས་མཐོ་གྲས་ཁག་ཅིག་དང་མཇལ་འཕྲད་ཀྱིས་གཙོ་བོ་རྒྱལ་ཁབ་ཕྱོགས་གཉིས་བར་ཆབ་སྲིད་དང་ཚོང་འབྲེལ་སོགས་ཀྱི་འབྲེལ་ལམ་བཟང་པོ་ཡོང་རྒྱུ་དང་། ལྷག་པར་ཁུལ་དེར་ཡོད་པའི་ཐེ་ཝན་གྱི་མི་སེར་རྣམས་ཀྱི་ལག་འཁྱེར་ནང་ཐེ་ཝན་པ་རང་ཉིད་འཁོད་དགོས་པ་ལས་རྒྱ་རིགས་འཁོད་རྒྱུ་མེད་པའི་ཐད་ Denmark གཞུང་གིས་བསྒྱུར་བཅོས་གཏོང་དགོས་པའི་གླེང་མོལ་གནང་འདུག

དེ་ཡང་བརྒྱུད་ལམ་ཁག་ཏུ་དེ་འབྲེལ་གནས་ཚུལ་སྤེལ་བར་གཞིགས་ན། Denmark གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་དང་གྲོས་ཚོགས་ཀྱི་ཐེ་ཝན་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ལྕམ་ Pia Kjaersgaard ལགས་ཀྱིས་སྣེ་ཁྲིད་པའི་གྲོས་ཚོགས་འཐུས་མི་བཞི་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་འདི་ཚེས་ ༡༠ ནས་སང་ཕྱི་ཚེས་ ༡༦ དབར་ཐེ་ཝན་ནང་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་འདུག་པ་དང་། མཚམས་གཟིགས་ཁྲོད་རེས་གཟའ་ཟླ་བའི་ཉིན་ཐེ་ཝན་རྒྱལ་ཡོངས་བདེ་འཇགས་ལས་ཁུངས་ཀྱི་སྤྱི་ཁབ་དྲུང་ཆེ་སྐུ་ཞབས་ Joseph Wu ལགས་དང་མཇལ་འཕྲད་ཀྱིས་གཙོ་བོ་རྒྱལ་ཁབ་ཕྱོགས་གཉིས་དབར་ཆབ་སྲིད་དང་ཚོང་འབྲེལ་སོགས་ཀྱི་འབྲེལ་ལམ་བཟང་པོ་ཡོང་རྒྱུ་དང་། ལྷག་པར་རྒྱ་གཞུང་གིས་ཐེ་ཝན་ལ་ཕྱི་འབྲེལ་དང་དཔལ་འབྱོར། དེ་བཞིན་དྲག་དཔུང་བརྒྱུད་གནོན་ཤུགས་སྤྲོད་པའི་བྱ་སྤྱོད་ཁག་གི་ཐོག་གླེང་མོལ་གནང་འདུག་པ་ཙམ་མ་ཟད། ཐེ་ཝན་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་ཁྲོད་ཚོགས་པ་ཁག་དང་གཞུང་། དེ་བཞིན་སྒྲིག་འཛུགས་སོགས་ཀྱི་ནང་མཉམ་ཞུགས་ཇི་ལྟར་གནང་གི་ཡོད་མིན་ཐད་གླེང་སློང་གནང་འདུག

མ་ཟད་ Denmark གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་དང་གྲོས་ཚོགས་ཀྱི་ཐེ་ཝན་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ལྕམ་ Pia Kjaersgaard ལགས་ཀྱིས་ད་རེས་ཁོང་རྣམ་པའི་འཚམས་གཟིགས་འདི་ནི་ཐེ་ཝན་གྱི་གཟེངས་སུ་ཐོན་པའི་མང་གཙོའི་གནས་བབ་ལ་ Denmark ངོས་ནས་རྒྱབ་སྐྱོར་ཡོད་པ་སྟོན་ཆེད་དང་། ལྷག་པར་རྒྱ་གཞུང་གིས་རྣམ་པ་ཀུན་ནས་ཐེ་ཝན་ལ་དྲག་དཔུང་བརྒྱུད་གནོན་ཤུགས་ཆེས་ཆེར་སྤྲོད་ཀྱི་ཡོད་པ་དེར་སྐྱོན་བརྗོད་གནང་རྒྱུ་དེ་ཡིན་པ་དང་ཆབས་ཅིག གྲོས་ཚོགས་འཐུས་མི་རྣམ་པས་གླེང་སློང་བྱ་རྒྱུའི་གནད་དོན་ཁོངས་སུ་གཙོ་བོ་ཞིག་ཡོ་རོབ་རྒྱལ་ཁབ་ Denmark གཞུང་གིས་རྒྱལ་ཁབ་དེར་གནས་སྡོད་ཐེ་ཝན་མི་མང་རྣམས་ཀྱི་མི་སེར་དང་སྐྱེས་ཡུལ་སོགས་རྒྱ་ནག་ཅེས་ཐོ་འགོད་བྱེད་དུ་བཅུག་པའི་གནད་དོན་དེ་ཡིན་པས། ལྕམ་ Pia ལགས་ཀྱིས་ཐེ་ཝན་གྱི་མི་སེར་རྣམས་ཀྱི་ལག་འཁྱེར་ནང་ཐེ་ཝན་པ་རང་ཉིད་འཁོད་དགོས་པ་ལས་རྒྱ་རིགས་འཁོད་རྒྱུ་མེད་པའི་ཐད་ཡུལ་དེའི་གྲོས་ཚོགས་ནང་བསྒྱུར་བཅོས་གཏང་དགོས་པའི་ཐད་ཐེངས་མང་གླེང་སློང་གནང་ཡོད་ཀྱང་། ཡུལ་དེའི་ཕྱི་སྲིད་བློན་ཆེན་གྱིས་གནད་དོན་དེ་ཕར་འགྱངས་བྱས་སོང་བས་ཐེ་ཝན་ནས་ཕྱིར་ལོག་རྗེས་ཕྱི་སྲིད་བློན་ཆེན་དང་གནད་དོན་དེའི་སྐོར་གྲོས་བསྡུར་ངེས་པར་གནང་གི་ཡིན་ཞེས་གསུངས་འདུག

Denmark གྲོས་ཚོགས་འཐུས་མི་རྣམས་པས་ཐེ་ཝན་གྱི་དཔོན་རིགས་དང་ཡུལ་དེའི་གནད་ཡོད་མི་སྣ་ཚོ་དང་ཐུག་འཕྲད་སྐབས་མང་གཙོ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱ་གཞུང་གི་ཉེན་བརྡ་ལ་ལྟོས་མེད་ཐེ་ཝན་ལ་རྒྱབ་སྐྱོར་གནང་དགོས་པའི་དུས་ལ་བབས་ཡོད་པ་དང་། འཛམ་གླིང་འདིར་ཐེ་ཝན་གྱི་གྲོགས་པོ་མང་པོ་ཡོད་པ་སྟོན་དགོས་པ་རེད་ཅེས་གསུངས་བ་དང་ཆབས་ཅིག རྒྱ་ནག་གིས་རང་གི་འདོད་མོས་བཞིན་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ཚང་མ་རང་གི་ཁོངས་གཏོགས་རྒྱལ་ཁབ་ཏུ་བསྒྱུར་ཆོག་ཆོག་མ་རེད་ཅེས་གསུངས་གནང་འདུག
དེ་བཞིན་ Berlingske ཞེས་ Demark གི་གྲགས་ཆེ་བའི་གསར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། གསར་ཁང་གི་འགན་འཛིན་ལ་ཡུལ་དེའི་ Copenhagen གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཆེན་མོ་ནས་གློག་འཕྲིན་ཞིག་བཏང་ཡོད་པའི་ནང་། རྒྱ་ནག་གཞུང་གིས་དགག་བྱ་བྱས་པར་ལྟོས་མེད་ཌེན་མག་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་ཁག་ཅིག་ཐེ་ཝན་ལ་གཞུང་འབྲེལ་འཚམས་གཟིགས་གནང་བར་རྒྱ་ནག་གཞུང་གིས་ངོ་རྒོལ་མཐའ་གཅིག་ཏུ་ཡོད་ཅེས་དང་། ཐེ་ཝན་འདི་ཉིད་ཕྱིའི་སྟོབས་ཤུགས་རོགས་སྐྱོར་ལ་བརྟེན་ནས་རང་བཙན་རྩོད་རྒྱུའི་འཁྲུལ་སྣང་དེ་ལམ་ལྷོང་ཡོང་རྒྱུ་མིན་པའི་ཉེན་བརྡ་བཏང་འདུག

ཤེས་རྟོགས་བྱུང་བར་གཞིགས་ན། དེ་རིང་རེས་གཟའ་པ་སངས་ཉིན་ Denmark གྲོས་ཚོགས་འཐུས་མི་རྣམ་པས་ཡུལ་དེའི་སྲིད་འཛིན་སྐུ་ཞབས་ Lai Ching Te མཆོག་དང་མཇལ་འཕྲད་གནང་འཆར་ཡོད་པ་རེད་འདུག



