ཉེ་ལམ་རྒྱ་ནག་ནང་དུ་དུད་འགྲོ་སེམས་ཅན་ལ་འཚེ་བ་བྱེད་བཞིན་པའི་བརྙན་ཐུང་གཉིས་སྤྱི་ཚོགས་དྲ་རྒྱའི་ནང་ཁྱབ་གདལ་ཤུགས་ཆེ་ཕྱིན་པའི་རྐྱེན་གྱིས་རྒྱ་གཞུང་ནས་དེ་འབྲེལ་ལས་འགུལ་བ་རྣམས་ལ་དྲག་གནོན་དང་འདུ་འཛོམས་བྱེད་མི་ཆོག་པའི་དམ་བསྒྲགས་ཤུགས་ཆེ་བྱས་འདུག

དེ་ཡང་འདི་ལོའི་ཕྱི་ཟླ་ ༦ པའི་ཟླ་མཇུག་ཏུ་རྒྱ་ནག་ལྷོ་ཤར་ཁུལ་གྱི་ Guangdong གུ་ཝང་དོང་ཞིང་ཆེན་གྱི་ Jieyang ཇི་ཡཱང་གྲོང་ཁྱེར་ནང་བྱིས་པ་བཞིས་ཁྱི་ཨ་མ་ཞིག་དང་ཁྱི་ཕྲུག་བཞི་ལ་རྡུང་རྡེག་བཏང་ནས་རྨས་སྐྱོན་དྲག་པོ་ཕོག་པའི་རྗེས་མེར་བསྲེགས་བཏང་སྟེ་འཇིགས་སུ་རུང་བའི་འཚེ་བའི་བྱ་སྤྱོད་སྤེལ་འདུག་པ་དང་། དེ་འབྲེལ་བརྙན་ཐུང་དེ་ཉིད་རྒྱ་ནག་ནང་དང་ཕྱི་རྒྱལ་ཁྱབ་ཁག་གི་སྤྱི་ཚོགས་དྲ་རྒྱའི་སྟེ་ཁྱབ་བརྡལ་ཤུགས་ཆེ་ཕྱིན་ཡོད་མ་ཟད། རྒྱ་ནག་གི་གྲོང་ཁྱེར་ ༡༠༠ ལྷག་གི་ནང་དུ་ལས་འགུལ་བ་རྣམ་པས་ཁྱབ་བསྒྲགས་བྱས་ཏེ་དུད་འགྲོ་སེམས་ཅན་ལ་འཚེ་བ་བྱེད་མཚམས་འཇོག་དགོས་པའི་དགོས་འདུན་བཏོན་འདུག་ཅིང་། ཁྱིའི་ཨ་མ་དེར་དུས་རྒྱུན་བརྩེ་བའི་ཐོག་ནས་ཝང་ཝང་ Wang Wang ཞེས་མིང་འབོད་བྱེད་ཀྱི་ཡོད་པར་རྒྱ་གཞུང་གིས་སྤྱི་ཚོགས་དྲ་རྒྱའི་སྟེང་དེ་འབྲེལ་གནས་ཚུལ་རྣམས་ནག་སུབས་བཏང་བ་མ་ཟད། Weibo ཝི་བོ་སྤྱི་ཚོགས་དྲ་རྒྱའི་སྟེང་སྤྱི་ཚོགས་ནང་གི་ཤུགས་རྐྱེན་ཡོད་པའི་མི་སྣ་དེ་དག་གིས་སྤེལ་བའི་འབོད་སྒྲ་རྣམས་ཀྱང་ནག་སུབས་བཏང་འདུག
ཕྱི་ཟླ་ ༦ ཚེས་ ༣༠ ཉིན་རྒྱ་གཞུང་གིས་དེ་འབྲེལ་གནས་ཚུལ་ཁྱབ་སྤེལ་བྱེད་རྒྱུ་མེད་པའི་བཙན་བཀའ་བཏང་བ་མ་ཟད། དུས་རྒྱུན་ངོ་རྒོལ་གྱི་ལས་འགུལ་དང་མི་མང་འདུ་འཛོམས་ཀྱི་ལས་འགུལ་རྣམས་ལ་འཇིགས་སྣང་ཆེན་པོ་བྱེད་ཀྱི་ཡོད་སྟབས། BBC གསར་ཁང་ལ་དེ་འབྲེལ་ལས་འགུལ་གོ་སྒྲིག་པས་བརྗོད་དོན་ལྟར་ན། ཉེན་རྟོག་པས་ལས་འགུལ་དེ་དག་མཚམས་འཇོག་དགོས་པའི་ཉེན་བརྡ་དང་འདྲི་རྩད་ཡང་བྱས་ཡོད་པ་མངོན་གསལ་གནང་འདུག
གནད་དོན་དེ་དང་འབྲེལ་ནས་དྲ་ཐོག་ཏུ་མི་གྲངས་ཁྲི་བདུན་ལྷག་གི་མཚན་རྟགས་བསྡུ་རུབ་བྱས་ཏེ་འབྲེལ་ཡོད་ལ་འགན་འཁྲི་ཡོད་པ་ཞིག་བཟོས་དགོས་པ་དང་ཆབས་ཅིག རྒྱལ་ཡོངས་དུད་འགྲོ་སེམས་ཅན་སྲུང་སྐྱོབ་ཀྱི་ཁྲིམས་ཡིག་ཅིག་དགོས་ངེས་ཡིན་པའི་དགོན་འདུན་བཏོན་འདུག ལྷག་པར་ Humane World for Animal ཞེས་པའི་དུད་འགྲོའི་རང་དབང་སྲུང་སྐྱོབ་ཚོགས་པས་ཞེད་སྣང་ཅན་གྱི་བྱ་སྤྱོད་དེས་རྒྱལ་སྤྱིའི་ཁྱོན་ཡོངས་སུ་དོ་སྣང་བྱ་ཡུལ་ཞིག་ཏུ་གྱུར་ཡོད་པར། རྒྱ་ནག་ནང་དུད་འགྲོ་སེམས་ཅན་ལ་གདུག་རྩུབ་འགོག་ཐབས་ཀྱི་ཁྲིམས་ཞིག་དགོས་པ་དང་། ཁྲིམས་ཐོག་འགྱུར་བ་དགོས་ངེས་ལ་རྒྱབ་སྐྱོར་བྱེད་མཁན་རྒྱ་རིགས་ཚོ་ལ་རྒྱབ་སྐྱོར་ཡོད་ཅེས་ནན་བརྗོད་བྱས་འདུག
ལྷག་པར་ཕྱི་རྒྱལ་ཡུལ་གྲུ་འདྲ་མིན་ནང་ཡོད་པའི་དུད་འགྲོ་སེམས་ཅན་སྲུང་སྐྱོབ་ལ་རྒྱབ་སྐྱོར་བྱེད་མཁན་རྣམ་པས་དཔལ་འབྱོར་འདུ་རུབ་བརྒྱུད་ནས་ཧོང་ཀོང་གི་ Mong Kok མོང་ཀོཀ་རྫོང་ནང་དུ་ Billboard བསྒྲགས་བྱང་ཐོག་ཁྱབ་བསྒྲགས་བྱས་འདུག་པ་དང་། དེ་བཞིན་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་དང་ནིའུ་ཡོག་ Times Square ནང་དུའང་གློག་བརྙན་བརྒྱུད་ནས་ཁྱབ་བསྒྲགས་ཤུགས་ཆེ་བྱས་འདུག ད་དུང་རྒྱལ་ཁབ་མང་པོའི་ནང་སྤྱི་ཚོགས་དྲ་རྒྱའི་སྟེང་བྱ་སྤྱོད་ངན་པ་དེར་སྐྱོན་བརྗོད་ཤུགས་ཆེ་དང་འབྲེལ། ཁག་གཅིག་གིས་བྱ་སྤྱོད་དེས་ཕ་མ་དང་སློབ་གྲྭ སྤྱི་ཚོགས་བཅས་ཀྱིས་བྱིས་པའི་རིན་ཐང་དང་ཀུན་སྤྱོད་ལ་བཟོ་ལྟ་བཟོས་དགོས་པའི་འགན་འཁྲི་ལ་གཟབ་གསབ་ནན་ཏན་གྱི་བསམ་ཞིབ་བྱ་དགོས་པ་སྟོན་གྱི་ཡོད་ཅེས་བརྗོད་འདུག
ཕྱོགས་མཚུངས་ཕྱི་ཟླ་ ༦ འགོ་སྟོད་དུ་རྒྱ་ནག་དབུས་ལྷོ་ནུབ་ Chongqing ཅོང་ཁུཝིང་གྲོང་ཁྱེར་ནང་དུའང་ཁྱི་ལ་འཚེ་བ་བྱེད་པའི་གནད་དོན་ཐོག་ས་གནས་ཀྱི་མིང་མང་རྒྱ་ཕྲག་འགའ་ཤས་འདུ་འཛོམས་ཀྱི་ངོ་རྒོལ་ལས་འགུལ་སྤེལ་བར་རྒྱ་གཞུང་ཉེན་རྟོག་པས་དྲག་པོའི་དབང་ཤུགས་ཀྱི་འདུ་འཛོམས་བྱེད་དུ་བཅུག་མེད་པ་མ་ཟད། མི་འགའ་ཤས་ལ་རྨས་སྐྱོན་ཕོག་པ་དང་བཅུ་ཕྲག་བརྒལ་བར་འཛིན་བཟུང་དོ་དམ་བཀག་ཉར་བྱས་པའི་གནས་ཚུལ་བྱུང་འདུག
ཨ་རིར་རྟེན་གཞིས་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས། མང་ཚོགས་ཀྱི་ཞི་བའི་འདུ་འཛོམས་ནི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁར་འཛིན་རྒྱུ་མེད་པ་དང་། དུད་འགྲོ་སེམས་ཅན་གྱི་མནར་གཅོད་འགོག་ཐབས་ལ་ངོ་རྒོལ་དང་གྲོས་བསྡུར་བྱས་པ་ལ་དྲག་གནོན་བྱེད་མཚམས་འཇོག་དགོས་པ། དོ་དམ་བྱེད་པའི་ངོ་རྒོལ་བ་རྣམས་གློད་བཀྲོལ་དགོས་པ། Chongqing ཅོང་ཁུཝིང་གྲོང་ཁྱེར་ཉེན་རྟོག་པས་དྲག་སྤྱོད་ལ་ཞིབ་འཇུག་བྱ་དགོས་པའི་དགོས་འདུན་ཐོག རྒྱ་གཞུང་དཔོན་རིགས་ཚོས་མང་ཚོགས་རྣམ་པའི་སོ་སོའི་སྒེར་གྱི་རང་དབང་དང་། མི་མང་གི་ཐོབ་ཐང་། དེ་བཞིན་ Guangdong གུ་ཝང་དོང་ཞིང་ཆེན་གྱི་ Jieyang ཇི་ཡཱང་གྲོང་ཁྱེར་ནང་བྱུང་བའི་ཁྱི་ཝང་ཝང་གི་གནད་དོན་སྲུང་སྐྱོབ་སོགས་མི་མང་གི་མངོན་འདོད་ངེས་པར་དུ་གསན་འཇོག་གནང་དགོས་པ་ནན་བརྗོད་གནང་འདུག
གཞི་རྩའི་ད་རེས་ཀྱི་གནད་དོན་དེ་དུད་འགྲོའི་སེམས་ཅན་གྱི་རང་དབང་དང་འབྲེལ་བ་ཡོད་ཀྱང་། རྒྱ་གཞུང་གིས་ཞེད་སྣང་བྱ་ཡུལ་གཙོ་བོ་ཞིག་ནི་མི་མང་འདུ་འཛོམས་ཀྱི་ངོ་རྒོལ་དེ་ཆགས་ཀྱི་ཡོད་པར་བརྟེན། མང་ཚོགས་འདུ་འཛོམས་ཀྱི་རང་དབང་ལ་དམ་བསྒྲགས་ཤུགས་ཆེ་བྱས་དང་བྱེད་བཞིན་ཡོད་པ་མ་ཟད། སྨྲ་བརྗོད་ཀྱི་རང་དབང་ལའང་དམ་བསྒྲགས་ཤུགས་ཆེ་འོག་དྲ་རྒྱའི་སྟེང་གི་གནས་ཚུལ་ནག་སུབས་གཏོང་རྒྱུ་གཙོས་པའི་ཉེས་མེད་རྣམས་འཛིན་བཟུང་དོ་དམ་དང་བཙོན་འཇུག་འོག་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་མང་དག་འབྱུང་བཞིན་ཡོད་པ་རེད།




