རྒྱ་མིའི་པཎ་ཆེན་གྱིས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ངོས་འཛིན་ཐད་རྒྱལ་ཁབ་ཕྱི་ལོག་གི་ཚོགས་སྒེར་སུས་ཀྱང་ཐེ་གཏོགས་ཆོག་གི་མེད་པ་བརྗོད་འདུག

Tibetan News Headlines

Geshe Jampa Lobsang: Bridging Cultures

ཪེས་གཟའ་ཉི་མ། ༢༠༢༦།༠༤།༠༥

དགོན་པ་གྲྭ་ཚང་ལས་འདས་ཏེ་སྤྱི་ཚོགས་ཞབས་ཞུ་སྒྲུབ་མཁན་གྱི་དགེ་བཤེས།

ཟླ་བ་འདིའི་ཕྱི་ཚེས་ ༨ ཉིན་བོད་གཞིས་ཀ་རྩེ་གྲོང་ཁྱེར་ནང་དུ་འཚོགས་པའི་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་རྣམ་པའི་ལྷན་ཚོགས་ཞིག་གི་ཐོག་རྒྱ་མིས་བདམ་པའི་པན་ཆེན་རྒྱལ་མཚན་ནོར་བུ་ཡིས། བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་རྣམ་པའི་ཡང་སྲིད་ཕེབས་ཕྱོགས་འདི་བཞིན་རྒྱ་ནག་གི་ཁྲིམས་ལྟར་དགོས་པ་དང་། དེའང་རྒྱལ་ཁབ་ཕྱི་ལོག་གི་ཚོགས་སྒེར་སུ་འདྲ་ཞིག་གི་ཐེ་གཏོགས་དང་སྟངས་འཛིན་མེད་པའི་ཐོག་ནས་ཕེབས་དགོས་ལུགས་བརྗོད་འདུག

པར་དབང་། SCMP

དེ་ཡང་དེ་རིང་ལྷོ་རྒྱ་ནག་སྔ་དྲོའི་འཆར་འཕྲིན་བརྒྱུད་ལམ་གྱི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་བ་འདིའི་ཚེས་ ༨ ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་གཞིས་ཀ་རྩེ་གྲོང་ཁྱེར་ནང་དུ་བོད་བརྒྱུད་ནང་བསྟན་བླ་སྤྲུལ་རྣམ་པའི་ལྷན་ཚོགས་ཞིག་འཚོགས་འདུག་པ་དང་། ཚོགས་འདུ་དེའི་ཐོག་རྒྱ་མིའི་པཎ་ཆེན་རྒྱལ་མཚན་ནོར་བུས། བླ་སྤྲུལ་ཡང་སྲིད་རྣམས་རྒྱ་ནག་གཞུང་གིས་ངོས་འཛིན་དང་རྒྱབ་སྐྱོར་ཐོག་ནས་ཕེབས་དགོས་པ་དང་། དེའང་ཕྱི་ཕྱོགས་ཀྱི་གང་ཟག་དང་ཚོགས་པ་སྒྲིག་འཛུགས་སུ་ཞིག་གི་ཤུགས་རྐྱེན་མེད་པའི་ཐོག་ནས་ཕེབས་དགོས་པ། དེ་བཞིན་བླ་སྤྲུལ་ངོས་འཛིན་གྱི་བརྒྱུད་རིམ་དེ་ཡང་རྒྱ་ནག་གི་ཁྲིམས་ལུགས་གཞིར་བཟུང་དང་རྒྱ་ནག་དམར་ཤོག་ཚོགས་པར་བློ་གཏད་ཡོད་པའི་ཐོག་ནས་བྱ་དགོས་ལུགས་བཅས་བརྗོད་དེ། དངོས་སུ་མིང་འབོད་མ་བྱས་ཀྱང་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་བརྡ་ལན་ནན་པོ་བཏང་འདུག

ལྷག་པར་ཁོང་གིས་དེ་སྔ་ཕྱི་ལོ་ ༡༩༩༥ ལོར་རྒྱ་ནག་གཞུང་གིས་ཁོང་རང་ཉིད་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན་བྱས་པ་དེ་ཡང་ཆོས་ཕྱོགས་དང་ལོ་རྒྱུས་ཀྱི་བྱེད་སྒོ་དང་མཐུན་པའི་ཐོག་ནས་བྱས་ཡོད་པ་འགྲེལ་བརྗོད་དང་འབྲེལ། དེ་ནི་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ཕེབས་ལུགས་ཐད་རྒྱ་ནག་དམར་ཤོག་ཚོགས་པའི་ཆོས་ཕྱོགས་ཀྱི་སྲིད་བྱུས་ལག་བསྟར་དོན་འཁྱོལ་བྱུང་བར་ངོས་འཛིན་བྱས་དགོས་ཅེས་བརྗོད་པ་མ་ཟད། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༠༧ ལོའི་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ངོས་འཛིན་བྱ་ཐབས་ཀྱི་བཀའ་རྩ་ཨང་ལྔ་པ་ཞེས་པར་བསྔགས་བརྗོད་དང་འབྲེལ། ཁྲིམས་སྒྲིག་དེའི་བརྒྱུད་ནས་བླ་སྤྲུལ་ཡང་སྲིད་འདེམས་ཕྱོགས་ཀྱི་འགྲོ་ལུགས་དེ་ཚད་དང་ལྡན་པ་དང་ཁྲིམས་མཐུན་ཆགས་ཡོད་པ་བཤད་འདུག

པར་དབང་། SCMP

དེ་འབྲེལ་འདི་གའི་གསར་འགོད་པས་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཕན་ཐོགས་ལགས་སུ་བཀའ་འདྲི་ཞུ་སྐབས། ཁོང་གིས་ད་རེས་པཎ་ཆེན་རྒྱལ་མཚན་ནོར་བུས་གཏམ་བཤད་སྤེལ་བ་དེ་ནས་རྒྱ་ནག་གཞུང་གིས་རྒྱ་པཎ་ཆེན་རྒྱལ་མཚན་ནོར་བུ་ཆབ་སྲིད་དང་ཆོས་ཕྱོགས་ཀྱི་ལག་ཆ་ལྟ་བུར་བེད་སྤྱོད་གཏོང་གི་ཡོད་ཟེར་བ་དེ་གསལ་པོ་བཟོས་ཀྱི་ཡོད་པ་གསུངས་སོང་། 

རྩ་བའི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༩༥ ལོའི་ཕྱི་ཟླ་ ༥ པའི་ཚེས་ ༡༤ ཉིན་དགུང་ལོ་ ༦ ལ་ཕེབས་པའི་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་རིན་པ་ོ་ཆེ་མཆོག་པཎ་ཆེན་སྐུ་ཕྲེང་ ༡༠ པའི་ཡང་སྲིད་འཕྲུལ་བྲལ་དུ་ངོས་འཛིན་མཛད་ཀྱང་། ཉིན་གྲངས་ ༣ གྱི་རྗེས་སུ་ཚེས་ ༡༧ ཉིན་རྒྱ་ནག་གཞུང་གིས་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་དང་ཁོང་གི་ནང་མི་སྐུ་འཁོར་རྣམ་པ། དེ་བཞིན་པཎ་ཆེན་སྐུ་ཕྲེང་ ༡༡ པའི་ཡང་སྲིད་ངོས་འཛིན་ཕྱག་རོགས་གནང་མཁན་བཀྲ་ཤིས་ལྷུན་པོའི་མཁན་པོ་བྱ་བྲལ་རིན་པོ་ཆེ་མཆོག་བཅས་ཡོངས་རྫོགས་འཛིན་བཟུང་བཙན་ཁྲིད་ཀྱིས་ད་བར་ལོ་ངོ་ ༣༠ རིང་ལ་གར་ཡོད་ཇི་བྱུང་ཤེས་རྟོགས་མེད་པའི་གནས་སུ་གྱུར་ཡོད་པ་རེད།

དེའི་བར་ན་ཆོས་ཁས་མི་ལེན་མཁན་རྒྱ་ནག་དམར་ཤོག་ཚོགས་པས་བོད་བརྒྱུད་ནང་བསྟན་གྱི་འགྲོ་ལུགས་དང་ཆོས་དད་རང་དབང་ལ་རྩིས་མེད་རྡོག་རོལ་གྱིས་ཕྱི་ལོ་ ༡༩༩༥ ལོའི་ཕྱི་ཟླ་ ༡༡ གི་ནང་དུ་རྒྱལ་མཚན་ནོར་བུ་པཎ་ཆེན་སྐུ་ཕྲེང་ ༡༠ པའི་ཡང་སྲིད་དུ་བདམ་པ་ནས་བཟུང་། ད་བར་གཞིས་ལུས་བོད་མི་རྣམས་ལ་ཁོང་པཎ་ཆེན་སྐུ་ཕྲེང་ ༡༠ པའི་ཡང་སྲིད་ལ་ངོས་འཛིན་བྱེད་དགོས་པའི་གནོན་ཤུགས་དང་སྐུལ་སྡེད་བཏང་བའི་བརྒྱུད་ནས། མ་འོངས་༧གོང་ས་སྐུ་ཕྲེང་ ༡༤ པའི་ཡང་སྲིད་འདེམས་ཕྱོགས་ཐོག་བདག་དབང་རྩོད་ཐབས་བྱེད་བཞིན་ཡོད་པ་རེད། 

དེའི་ཁྲོད་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༡ ལོར་༸རྒྱལ་བའི་ཡང་སྲིད་ཕེབས་ཕྱོགས་ཐད་གསུང་འཕྲིན་སྩལ་བ་དང་འབྲེལ་དེའི་ཐད་རྒྱ་ནག་དམར་ཤོག་གཞུང་ལ་ཐེ་གཏོགས་ཀྱི་དབང་ཚད་མེད་པའི་ལམ་སྟོན་ནན་པོ་ཕེབས་པ་མ་ཟད། འདི་ལོའི་ཕྱི་ཟླ་ ༧ ཚེས་ ༢ ཉིན་སླར་ཡང་དེ་འབྲེལ་གསུང་འཕྲིན་ཞིག་གི་བརྒྱུད་༸རྒྱལ་བའི་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་པ་དང་འབྲེལ། ༸རྒྱལ་དབང་སྐུ་ཕྲེང་ན་རིམ་ངོས་འཛིན་གནང་ཕྱོགས་ཐད་བསྒྲགས་གཏམ་སྔོན་མའི་ནང་གསལ་བཞིན། ཡང་སྲིད་ངོས་འཛིན་གྱི་བྱེད་སྒོའི་འགན་འཁུར་གཙོ་བོ་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་ལ་ཡོད་པ་ལས། གཞན་སུས་ཀྱང་ཐེ་བྱུས་མི་ཆོག་པའི་བཀའ་སྩལ་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།