Swiss ཀྱི་ Geneva གྲོང་ཁྱེར་ནང་དུ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༧ པ་འཚོགས་བཞིན་པ་དང་བསྟུན། ལྷན་ཚོགས་ཀྱི་ཉེ་འགྲམ་དུ་ཟུར་ཚོགས་ཞིག་སྐོང་ཚོགས་ཐོག་བོད་དོན་རྒྱབ་སྐྱོར་བ་ཁག་གཅིག་ནས་བོད་ནང་རྒྱ་ནག་གཞུང་གིས་སྐད་ཡིག་དམ་དྲག་བྱེད་བཞིན་པ་དང་། བོད་པའི་སློབ་གྲྭ་ཁག་སྒོ་རྒྱག་བཞིན་པའི་སྐོར་ལ་གླེང་སློང་གནང་འདུག

དེ་ཡང་ཁ་སང་ Helsinki འགྲོ་བ་མིའི་ཐེབས་རྩ་ཁང་གི་གོ་སྒྲིག་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ Germany སྡེ་ཚན་གྱི་གཙོ་འཛིན་སྐུ་ཞབས་ Kai Mueller ལགས་ཀྱིས་གཙོ་སྐྱོང་འོག་ཚོགས་པའི་ཟུར་ཚོགས་དེའི་ཐོག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་པ་རྒན་པ་ Palmo Tenzin ལགས་དང་། བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཆོས་སྐྱིད་ལགས། དེ་བཞིན་ Tibet Justice Center བོད་དོན་རྒྱབ་སྐྱོར་ཚོགས་པ་གསུམ་ནས་བོད་ནང་གི་གནས་སྟངས་མངོན་གསལ་དང་འབྲེལ་བའི་གཏམ་བཤད་གནང་བའི་ཐོག རྒྱལ་ཚོགས་ཀྱི་ཚོགས་མི་སྐུ་ཚབ་མང་དག་གཅིག་གི་མཉམ་ཞུགས་གནང་བ་མ་ཟད། རྒྱ་ནག་གཞུང་གིས་མི་སྣ་ཁག་གཅིག་ནས་ཀྱང་མཉམ་ཞུགས་གནང་ཡོད་འདུག
སྐབས་དེར་བསྟན་འཛིན་ཆོས་སྐྱིད་ལགས་ཀྱིས། བོད་ནང་གི་བོད་མི་ཚོས་ད་བར་སྐད་ཡིག་རང་དབང་ཐབས་རྩོད་ཀྱི་ལས་འགུལ་རིམ་པ་སྤེལ་ཕྱོགས་དང་དེ་དོན་རྒྱ་ནག་གཞུང་གིས་དྲག་གནོན་བྱེད་ཕྱོགས། ལྷག་པར་དུ་རྒྱ་གཞུང་གིས་བོད་མི་ཤེས་ལྡན་མི་སྣ་དང་རྩོམ་པ་པོ་གཞས་པ་གཞས་མ། ཚོང་པ་རོལ་དབྱངས་མཁན་སོགས་ཤུགས་རྐྱེན་ཡོད་པའི་གནད་ཡོད་མི་སྣ་རྣམས་ཀྱི་ཐོག་ལ་ཉེས་འཛུགས་གང་བྱུང་བཙུགས་ཏེ་འཛིན་བཟུང་བཀག་ཉར་དང་མནར་གཅོད་གཏོང་བ། དེ་བཞིན་ལྟ་སྲུང་དམ་དྲག་བྱེད་བཞིན་པ་སོགས་མངོན་གསལ་གནང་འདུག

ཕྱོགས་མཚུངས་དཔལ་མོ་བསྟན་འཛིན་ལགས་ཀྱིས་བོད་ནང་བོད་མི་རྣམས་ཀྱིས་རྒྱ་ནག་གི་དྲག་གནོན་ལ་རང་དབང་ཐོག་གླེང་སློང་ཡང་བྱེད་མ་ཐུབ་པའི་གནས་སྟངས་ཁྲོད། རྒྱ་གཞུང་གིས་སྐད་ཡིག་དམ་དྲག་ཀྱི་སྲིད་བྱུས་འོག་ནས་བོད་པའི་བྱིས་པ་རྣམས་ནས་རང་གི་ཕ་སྐད་མ་ཤེས་པ་དང་། རང་གི་གཉེན་ཉེ་འབྲེལ་རྣམས་དང་ལབ་གླེང་བྱེད་མ་ཐུབ་པ། དེ་བཞིན་བོད་པའི་སྤྱི་ཚོགས་ནང་དུ་འཚོ་མ་ཐུབ་པ་དང་། བོད་པའི་ལོ་རྒྱུས་དང་ཕ་སའི་སྐོར་མ་ཤེས་པར་ལུས་བཞིན་ཡོད་པ་གསུངས་འདུག ཁོང་གིས་ད་དུང་ཉེ་ཆར་བོད་ནང་གི་ཤེས་ཡོན་སྡེ་ཁག་ནང་དུ་སྲིད་བྱུས་རིམ་པའི་བསྒྱུར་བ་བཏང་བའི་འོག་ནས་བོད་པའི་སྐད་ཡིག་དང་རིག་གཞུང་ལ་དོ་ཕོག་ཤུགས་ཆེ་འགྲོ་བཞིན་ཡོད་པ་གསུངས་འདུག
དེ་བཞིན་ Gloria Montgomery ལགས་ཀྱིས་ར་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་རྒྱ་ནག་གཞུང་གིས་བཙན་དབང་ཐོག་སྒོ་རྒྱག་པའི་གནད་དོན་ལུང་འདྲེན་དང་སྦྲགས། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་སྒྲིག་ལ་རྩིས་སྲུང་ཞུ་དགོས་པ་དང་། ལྷག་པར་དུ་བོད་པའི་སྒེར་གཉེར་སློབ་གྲྭ་ཁག་སྲུང་སྐྱོབ་བྱས་མཁན་གྱི་རྒྱ་ནག་གཞུང་གིས་ངོས་ལེན་མཚན་རྟགས་བཀོད་པའི་རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་ལ་རྩིས་སྲུང་ཞུ་དགོས་པ་ནན་བརྗོད་གནང་འདུག

ཐེངས་འདིའི་ཟུར་ཚོགས་ཐོག་རྒྱ་ནག་གིས་རྒྱུན་ལྡན་བཞིན་བོད་དོན་དང་འབྲེལ་བའི་ཟུར་ཚོགས་ནས་གཡོལ་ཐབས་བྱ་རྒྱུ་ལས་ལྡོག་སྟེ་ད་ལན་དངོས་སུ་མཉམ་ཞུགས་བྱས་པ་མ་ཟད། དེའི་ཐོག་སྐད་ཆ་བཤད་ཡོད་པ་དེ་ལྟར་ཡང་། རྒྱ་ནག་གི་མི་སྣའི་སྐབས་དེར་བོད་ཀྱི་གནད་དོན་སྐོར་བཤད་པ་ཚང་མ་བདེན་པ་མིན་པ་བརྗོད་ཡོད་འདུག
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གསུང་ན། ད་ལན་རྒྱ་ནག་གི་མི་སྣས་བོད་དོན་དང་འབྲེལ་བའི་ཟུར་ཚོགས་ཐོག་མཉམ་ཞུགས་བྱས་པ་ཙམ་གྱི་ཚོགས་འདུ་འདིའི་རིགས་ཀྱི་གནད་འགག་དང་ཤུགས་གནོན་མངོན་གསལ་གནང་གི་ཡོད་པ་དང་། རྒྱ་གཞུང་མི་སྣའི་གཏམ་བཤད་ཁྲོད་བོད་ནང་གི་དངོས་ཡོད་གནས་སྟངས་ངོས་ལེན་མ་བྱས་པ་དེ་ནི་རྒྱ་ནག་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་ཇི་ཙམ་གཏོང་གི་ཡོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ལ་དབུ་སྐོར་གཏང་རྒྱུའི་འདུན་པ་ཇི་ཙམ་ཡོད་པ་མངོན་གསལ་བྱས་ཀྱི་ཡོད་པ་གསུངས་འདུག
གཞི་རྩའི་ཉེ་ཆར་རྒྱལ་སྤྱིའི་ཁྲོད་ཀྱི་བོད་རིག་པའི་མཁས་པ་དང་ཉམས་ཞིབ་པ་བཅས་ཤེས་ལྡན་མི་སྣ་ ༡༠༠ ཙམ་གྱི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་ Volker Turk མཆོག་གི་མཚོན་ཐོག་ལ་ཕྱག་བྲིས་ཞིག་ཕུལ་སྟེ། རྒྱ་ནག་གཞུང་གིས་བོད་ནང་དུ་བོད་མིའི་ཐོག་བཙན་དབང་གི་མི་རིགས་མཉམ་བསྲེས་ཀྱི་བྱ་འགུལ་སྤེལ་བཞིན་པ་དང་། རྒྱ་ནག་གཞུང་གིས་སྲིད་བྱུས་རིམ་པའི་ཐོག་ནས་བོད་པའི་དགོན་སྡེ་ཁག་དང་སློབ་གྲྭ་རྣམས་སྒོ་རྒྱག་བཞིན་པའི་ཐོག་ལ་སེམས་འཚབ་འགྲེལ་བརྗོད་གནང་ཡོད་པ་རེད།

དེ་བཞིན་ཁ་སང་ House Select Committee on CCP ཞེས་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་ནས་རྒྱ་ནག་གཞུང་གིས་དེ་གའི་ཁྲིམས་བེད་སྤྱོད་བརྒྱུད་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་རྣམས་ཀྱི་གི་ཁ་ཇི་ལྟར་བཀག་བཞིན་པའི་སྐོར་ལ་ཉན་ཞིབ་ཀྱི་ལས་རིམ་ཞིག་ཚོགས་འདུག་པ་དང་། དེའི་ཐོག་ National Security Institute ཞེས་རྒྱལ་ཡོངས་བདེ་འཇགས་ལྟེ་གནས་ཁང་གི་གཙོ་འཛིན་དང་ལྟེ་གནས་ཁང་གསར་འཛུགས་གནང་མཁན་སྐུ་ཞབས་ Jamil Jaffer ལགས་དང་། Stanford མཐོ་སློབ་ཀྱི་སློབ་དཔོན་ Anna Puglisi ལགས། དེ་བཞིན་རྒྱལ་ཡོངས་བདེ་འཇགས་མཐོ་སློབ་ཀྱི་སློབ་དཔོན་ Dr. Jill Goldenziel ལགས་བཅས་ནས་མཉམ་བཞུགས་ཀྱིས་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཁྲིམས་དེ་བཞིན་རྒྱ་ནག་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་རྣམས་ལ་དྲག་གནོན་གྱི་ཚུལ་དུ་བེད་སྤྱོད་གཏོང་བཞིན་ཡོད་པ་དང་། ད་རེས་ཁོང་རྣམས་ནས་ཉན་ཞིབ་ལས་རིམ་འདིའི་ཐོག་མཉམ་བཞུགས་གནང་བ་ཙམ་གྱི་ཁོང་རྣམས་ལ་དཀའ་ངལ་ཕྲད་ངེས་ཡིན་པ་བཅས་མངོན་གསལ་དང་འབྲེལ། ད་རེས་ཁོང་རྣམས་ནས་རང་གི་རང་ལ་དམ་དྲག་བྱས་ཏེ་བཀའ་མོལ་མ་གསུངས་པ་ཡིན་ན་ང་ཚོ་ཁོ་ཚོ་དང་གཅིག་པ་ཆགས་ཏེ་རང་དབང་གི་དམངས་གཙོའི་སྤྱི་ཚོགས་ཞིག་ཆགས་ཀྱི་མེད་པ་སོགས་གསུངས་འདུག




