ཁ་སང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པ་མཇུག་བསྒྲིལ་དང་སྦྲགས། སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཐེངས་འདིའི་ཚོགས་དུས་ཐོག་འདས་པའི་མི་ལོ་གསུམ་རིང་འགག་པའི་ཆེས་མཐོའི་ཁྲིམས་ཁང་གི་བཅའ་ཁྲིམས་བསྐྱར་བཅོས་ཐུབ་པ་ནི་བོད་མི་རྣམས་ལ་དགའ་འོས་པའི་གནད་དོན་དམིགས་བསལ་ཞིག་དང་ལྷག་དོན་༸རྒྱལ་བ་དགྱེས་པའི་མཆོད་སྤྲིན་ཞིག་ཡིན་སྐོར་གསུངས་སོང་།

དེ་ཡང་ཁ་སང་སྔ་དྲོ་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་དང་དེ་རྗེས་རང་དབང་ཅན་གྱི་འགན་འཛིན་དང་ཚོགས་མི་འོས་འདེམས། དེ་བཞིན་ཁྲིམས་བཟོའི་ལས་དོན་ཁག་ཅིག་བཅས་ཀྱི་ལས་རིམ་ཡོངས་སུ་གྲུབ་མཚམས། སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཐེངས་འདིའི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་མཇུག་བསྡོམས་གསུང་བཤད་གནང་སྐབས། ད་རེས་གྲོས་ཚོགས་སུ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་འོས་ཆོས་དང་ཁྲིམས་ཞིབ་པ་རྣམ་པའི་ལས་རྒྱུན་དང་འབྲེལ་བའི་བསྐྱར་བཅོས་ཁྲིམས་འཆར་གཉིས་གཏན་འབེབས་གནང་ཐུབ་པ་དེའི་བརྒྱུད་ང་ཚོའི་སྤྱི་ཚོགས་ནང་དཀའ་ངལ་འཕྲད་པ་དེ་དག་གཙང་མ་ཆགས་ཡོད་ཅེས་འགྲེལ་བརྗོད་དང་སྦྲགས། དེའི་ཐོག་བཀུར་འོས་སྤྱི་འཐུས་རྣམ་པ་དང་འཛིན་སྐྱོང་བཀའ་ཤག་ནས་མཉམ་རུབ་ཀྱིས་འགན་ཆེན་པོ་བཞེས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དེའི་ཐད་ལས་རིམ་རྣམ་གཞག་བཏོན་པའི་ནང་༸གོང་ས་མཆོག་ལ་སྙན་སེང་ཞུ་དགོས་པ་དེ་གོ་སྐབས་ཤིག་ཞུས་ནས་ཞུ་ཆོག་པ་དང་ལྷག་པར་མགོན་པོ་༸གང་ཉིད་མཆོག་སྐུ་ཚེ་སྐལ་བརྒྱར་བཞུགས་སླད་ཐུགས་སྨོན་གནང་ཐུབ་ན་ཏན་ཏན་ཐུགས་ཕན་གསོ་ཡི་རེད་ཅེས་གསུངས་ཏེ་དེ་རིང་གི་ལས་དོན་དེ་རླབས་ཆེན་པོ་ཡིན་པ་གང་ཞིག་ལ་གནད་དོན་དེ་སྤྱི་ཚོགས་སྤྱི་ཡོངས་ཀྱི་དཀའ་ངལ་ཞིག་ཆགས་སོང་བས། ཉམས་མྱོང་དེ་གཞི་ལ་བཞག་པའི་ཐོག་ནས་མ་འོངས་པར་གནད་དོན་དེ་འདྲ་མི་ཡོང་རྒྱུའི་འགན་ཁུར་དགོས་གལ་ཆེ་བ་དང་། དམངས་གཙོ་གོང་འཕེལ་དང་ཚགས་ཚུད་ཡོང་བར་ཚང་མས་དགོངས་པ་ཆེ་བཞེས་གནང་དགོས་པ་གསུངས་སོང་།

དེ་བཞིན་བདེ་སྲུང་ལས་ཁུངས་ཀྱི་ལས་བསྡོམས་དང་འབྲེལ་བའི་ཐོག་༸གོང་ས་མཆོག་གི་སྐུ་ཕྱྭ་སྐོར་ལ་བགྲོ་གླེང་མང་པོ་བྱུང་ཡོད་ཅིང་། འཛིན་སྐྱོང་ནས་དེའི་ཐོག་འགན་ཁུར་བཞེས་རྒྱུ་གལ་ཆེན་པོ་ཡིན་པ་དང་༸གོང་ས་མཆོག་ནི་བོད་པ་ཙམ་མ་ཟད་འཛམ་གླིང་གི་ལྟ་བའི་མིག་དང་ཁོག་པའི་སྙིང་ལྟ་བུ་ཆགས་ཡོད་པས། བོད་པ་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་བཀའ་དྲིན་དྲིན་བཟོ་བྱ་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་དང་ཆབས་ཅིག ལོ་རྗེས་མར་༸གང་ཉིད་མཆོག་ཕྱི་ལུགས་ལྟར་དགུང་ལོ་དགུ་བཅུར་ཕེབས་ཀྱི་ཡོད་པས་བཀའ་ཤག་གི་ངོས་ནས་ལས་འཆར་མང་པོ་ཡོད་པ་མ་ཟད། གྲོས་ཚོགས་ཀྱིས་ཀྱང་དེའི་ཐད་དགོངས་པ་བཞེས་རྒྱུ་གལ་ཆེན་རེད་ཅེས་དང་། ལྷག་པར་རྒྱ་གཞུང་གིས་༸སྐུའི་ཡང་སྲིད་སྐོར་ལ་སྲིད་ཇུས་མང་པོ་ལག་བསྟར་གྱིས་དྲིལ་བསྒྲགས་བྱེད་བཞིན་པའི་མཚམས་སུ་བོད་མིས་༸གོང་ས་མཆོག་གི་ཡང་སྲིད་སྐོར་གལ་གནད་དུ་བརྩི་ཏེ་དཔལ་ལྡན་ལྷ་མོའི་བཀའ་ལུང་ཕེབས་ཡོད་པ་བཞིན་བོད་པའི་སྤྱི་ཚོགས་ནང་དུ་མ་འོངས་ལས་དོན་བྱེད་ཕྱོགས་ཐོག་ཁ་གསལ་ཚད་ལྡན་ཞིག་བཟོ་དགོས་ཀྱི་ཡོད་ཅེས་གསུངས་སོང་།
ཡང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། དེང་གི་ཆར་རྒྱལ་སྤྱིའི་ཁྱོན་ཡོངས་ཀྱི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་། སྒོས་ཉེ་བའི་ཆར་རྒྱ་ནག་ནང་ཆབ་སྲིད་ཀྱི་འགྱུར་བ་ཧ་ཅང་ཆེན་པོ་འགྲོ་མུས་ཡིན་པའི་ཁར། རྒྱལ་སྤྱིའི་སྤྱི་ཚོགས་ནང་བོད་མིར་རྒྱབ་སྐྱོར་གནང་མཁན་ཇེ་མང་དུ་འགྲོ་མུས་དང་བོད་མིར་བོད་དོན་འཐབ་རྩོད་ཀྱི་ཐད་ནས་གོ་སྐབས་ཤིག་ཡོང་ངེས་ཡིན་པས། བོད་མི་རྣམས་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་གྱིས་ནུས་པ་བསྟན་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན་པ་མ་ཟད། ཚང་མས་མཉམ་རུབ་ཀྱིས་བོད་དོན་བདེན་མཐའ་སེལ་ཐབས་དང་། བཙན་བྱོལ་སྤྱི་ཚོགས་ཀྱི་བདེ་ཐབས་ཀྱི་གནད་དོན་ཐད་འགན་འཁྲི་དང་ལེན་གནང་སྐོར་གསུངས་པ་དང་ཆབས་ཅིག འདི་ལོའི་ཕྱི་ཟླ་ ༡༠ ནང་སྤྱི་འཐུས་རྣམས་ལ་ཡོ་རོབ་ཁུལ་དུ་བོད་དོན་ཞུ་གཏུག་གི་ལས་གཞི་ཞིག་དང་ཕྱི་ཟླ་ ༡༢ ནང་རྒྱ་གར་རྒྱལ་ས་ལྡི་ལི་རུ་སྤྱི་འཐུས་ཆ་ཚང་ཚང་འཛོམས་ཀྱིས་ཐབས་བྱུས་ཚོགས་འདུ་དང་རྒྱ་གར་གྲོས་ཚོགས་འཐུས་མི་རྣམས་ལ་བོད་དོན་ཞུ་གཏུག་གི་ལས་འགུལ་བཅས་བང་བསྒྲིགས་ཡོད་སྐོར་སོགས་སྙན་སེང་ཞུས་སོང་།

རྩ་བའི་ཁ་སང་གྲོས་ཚོགས་ནང་སྤྱི་འཐུས་ཚོགས་གཙོ་མཆོག་གི་མཇུག་སྡོམ་གསུང་བཤད་ལས་རིམ་སྔོན་ལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དགོངས་དོན་ལྟར་བཀའ་ཤག་གི་གཞུང་འབྲེལ་གསལ་བཤད་སྙན་སྒྲོན་ཞུས་པའི་ནང་གཙོ་བོ་བོད་མིའི་སྒྲིག་འཛུགས་ཁྱབ་ཁོངས་དང་བཅས་པ་སྲ་བརྟན་རྒྱུན་གནས་ཐུབ་པའི་སྲིད་བྱུས་གང་ཞིག་འཛིན་པ་དེ་ཡུལ་ཁྲིམས་དང་མཐུན་པ་བཟོ་དགོས་པ་དང་ཡང་སྒོས་ཁྲིམས་སྒྲིག་ཁག་ལ་དུས་བསྟུན་བསྒྱུར་བཅོས་ཀྱིས་ཁྲིམས་མཐུན་དང་ཕུགས་འཕེར་གྱི་ཐབས་ལམ་ལག་ལེན་བསྟར་རྒྱུ་ཡིན་པར་གསུངས་ཡོད། སྐབས་དེར་སྤྱི་འཐུས་རྣམ་པས་བཀའ་ཤག་གི་གསལ་བཤད་ཐོག་བགྲོ་གླེང་གི་ཆ་ཤས་བཞེས་སྐབས། བོད་དོན་འཐབ་རྩོད་དང་འབྲེལ་བའི་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གང་ཡང་འཁོད་མེད་སྐོར་དང་འབྲེལ་ཏེ། བོད་དོན་འཐབ་རྩོད་ནི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཕུགས་དམིགས་གཙོ་བོ་དེ་ཡིན་དུས་ངེས་པར་དུ་སྲིད་བྱུས་འདི་ཉིད་སྐོར་གླེང་སློང་དང་གསལ་བཤད་གནང་དགོས་པ་མ་ཟད། དེའི་རྒྱུ་མཚན་ཡང་བོད་པའི་སྤྱི་ཚོགས་ཁྲོད་དབུ་མའི་ལམ་གྱི་སྐོར་འགྲེལ་ལོག་རྒྱག་མཁན་མང་པོ་ཡོང་གི་ཡོད་པ་སོགས་ཀྱི་དོགས་གཞི་དང་དགོངས་ཚུལ་ཁག་གཅིག་གནང་སོང་།
སྐབས་དེར་སྲིད་སྐྱོང་མཆོག་གིས་གསལ་བཤད་འདི་ཉིད་ཆབ་སྲིད་དང་འབྲེལ་བའི་སྒྲིག་འཛུགས་སྲ་བརྟན་གནས་ཐབས་སྐོར་ལས་བོད་རྒྱའི་དཀའ་རྙོག་སྐོར་མིན་སྐོར་གསུངས་སོང་ལ། ང་ཚོ་ད་ལྟའི་གནས་ཡུལ་ནི་རྒྱ་གར་ཡིན་པར་བརྟེན། རྒྱ་གར་ནང་དུས་དང་མཐུན་པའི་ཐོག་ནས་ཁྲིམས་སྒྲིག་མང་པོ་ཞིག་འགྱུར་བ་འགྲོ་བཞིན་ཡོད་པ་དེ་མཚུངས་ཀྱི་ཐོག་ནས་བོད་མིའི་སྒྲིག་འཛུགས་རྣམས་ཀྱང་ཁྲིམས་ཐོག་ནས་སྲ་བརྟན་བཟོ་རྒྱུ་གལ་ཆེན་པོ་ཡིན་པའི་རྐྱེན་གྱིས། ཐེངས་འདིའི་གསལ་བཤད་དེ་སྤྱི་འཐུས་རྣམ་པས་གཅིག་པ་མཁྱེན་རྟོགས་ཡོང་ཆེད་ཡིན་པ་དང་། ལག་ལེན་བསྟར་མཁན་ང་ཚོ་ཡིན་དུས་ལས་བྱེད་རྣམས་ཀྱིས་ཀྱང་མཁྱེན་རྟོགས་ཡོང་ཆེད་དུ་ཞུས་པ་ཡིན་སྐོར་སོགས་གསུངས་རྗེས་སྤྱི་འཐུས་ཙ་ནེ་ཚང་དོན་འགྲུབ་བཀྲ་ཤིས་མཆོག་གིས་བཀའ་ཤག་ནས་གསལ་བཤད་གནང་བའི་དོན་གནད་རྣམས་སྤྱི་འཐུས་ལྷན་ཚོགས་ཀྱིས་བློ་ངེས་བྱུང་བའི་གྲོས་ཆོད་གྲོས་འཆར་བཏོན་གནང་བར། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག་གིས་རྒྱབ་སྐྱོར་གནང་རྗེས། སྤྱི་འཐུས་རྣམ་པས་མང་མོས་ཐོག་གཏན་འབེབས་གནང་སོང་།

རྩ་བའི་ཟླ་བ་འདིའི་ཕྱི་ཚེས་ ༡༡ ནས་དབུ་འཛུགས་ཀྱིས་ཁ་སང་ཚེས་ ༡༩ བར་ཉིན་གྲངས་ ༧ རིང་ཚོགས་པའི་གྲོས་ཚོགས་ཚོགས་དུས་འདིའི་ཐོག་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཨ་རིའི་ཁྲིམས་ཡིག་གཏན་འབེབས་ཐད་ཕྱག་རོགས་གནང་མཁན་ཡོངས་ལ་གཞུང་འབྲེལ་ཐུགས་རྗེ་ཆེ་ཞུའི་གྲོས་ཆོད་དང་། དེ་བཞིན་ཡུན་རིང་ནས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཨའོསི་ཊརེ་ལི་ཡའི་གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་ Janet Rice མཆོག་ལ་གཞུང་འབྲེལ་ཐུགས་རྗེ་ཆེ་ཞུའི་གྲོས་ཆོད་གཏན་འབེབས་གནང་ཡོད་པ་མ་ཟད། སྤྱི་ཟུར་བླ་བཟང་ཡེ་ཤེས་ལགས་དབུས་འོས་བསྡུ་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་དུ་བསྐོ་གཞག་དང་རྡ་སྟེང་བོད་ཁྱིམ་གྱི་སློབ་སྤྱི་ཚུལ་ཁྲིམས་རྡོ་རྗེ་ལགས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་མིར་བསྐོ་གཞག་གནང་ཡོད།
ལྷག་དོན་ཐེངས་འདིའི་གྲོས་ཚོགས་ཐོག་ཆེས་མཐོའི་ཁྲིམས་ཞིབ་པ་བསྐོ་གཞག་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་གཉིས་ཚད་མཐོའི་མང་མོས་ཀྱི་ཐོག་ནས་གཏན་འབེབས་དང་དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པའི་ཕོགས་དང་། ཟུར་ཕོགས། འགྲིམ་འགྲུལ། མཚན་དོད། ཉིན་རེའི་ལས་དོད་བཅས་ཀྱི་ཐོབ་ཐང་གི་སྒྲིག་གཞིར་བསྐྱར་བཅོས་ཀྱི་ཁྲིམས་འཆར་བཅས་སྤྱི་མོས་ཐོག་ནས་གཏན་འབེབས་བྱུང་ཡོད་པ་དེ་ལྟར་ཡང་། གྲོས་ཚོགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་འཕོ་འགྱུར་དང་འབྲེལ་བའི་སྒྲིག་གཞི་བསྐྱར་བཅོས་ཐོག་བསྐྱར་ཞིབ་ཚོགས་ཆུང་གི་ལས་བསྡོམས་དང་ཁྲིམས་འཆར་ཞིག་ཕེབས་པའི་ཐོག་སྤྱི་འཐུས་རྣམ་པའི་ཁྲོད་དགོངས་ཚུལ་སྣ་མང་བྱུང་རྗེས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཆུང་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་འཕོ་འགྱུར་དང་འབྲེལ་བའི་གྲོས་ཚོགས་ཀྱི་བྱ་རིམ་དང་ལས་དོན་སྒྲུབ་ཕྱོགས་ཀྱི་སྒྲིག་གཞི་ལ་བསྐྱར་ཞིབ་གནང་རྒྱུ་ཡིན་པ་ཐག་གཅོད་བྱུང་ཡོད།





