Tibetan Royal Year of 2151 | Year of the Wood Dragon

རྒྱལ་ཚོགས་ཀྱིས་རྒྱ་གཞུང་ལ་དྲག་གནོན་གྱི་སྲིད་བྱུས་མཚམས་འཇོག་ཆེད་གནོད་ཤུགས་སྤྲོད་དགོས།

Tibetan News Headlines

  • India elections and Tibet : Discussion

རེས་གཟའ་ཉི་མ། ༢༠༢༤།༠༥།༡༩

  • རྒྱ་གར་གྱི་འོས་བསྡུ་ཆེན་མོའི་ཁ་ཕྱོགས་དང་བོད་ཀྱི་གནས་བབ་སྐོར་གླེང་མོལ།

སུད་སིའི་གྲོང་ཁྱེར་ཇི་ནི་ཝར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༤ འཚོགས་བཞིན་པ་དང་བསྟུན། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྐུ་ཚབ་ནས་ Helsinki Foundation ཞེས་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ངོ་ཚབ་གནང་སྟེ་ལྷན་ཚོགས་དེར་བོད་དོན་བསྒྲགས་གཏམ་ཞིག་སྒྲོག་སྦྱང་གནང་བ་བརྒྱུད་རྒྱ་གཞུང་གི་དབང་བསྒྱུར་འོག་ཡོད་པའི་བོད་དང་ཤིན་ཅང་ནང་གི་ཆེས་ཞེན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཐུགས་འཚབ་ཀྱི་རྣམ་པ་མངོན་གསལ་གྱིས་རྒྱ་གཞུང་ལ་དེ་ལྟ་བུའི་དྲག་གནོན་གྱི་ལས་དོན་རྣམས་འཕྲལ་མར་མཚམས་འཇོག་ཡོང་བའི་དགོས་འདུན་ཆེད་བཏོན་གནང་འདུག

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དྲ་ཐོག་ལ་གནས་ཚུལ་སྤེལ་བར་ཟླ་ ༩ ཚེས་ ༢༦ ཉིན་རྒྱལ་ཚོགས་སུ་ལས་འགུལ་ཁང་གི་སྐུ་ཚབ་སྐུ་ཞབས་ Vincent Metten ལགས་ཀྱིས་རྒྱ་གཞུང་གིས་བོད་ཀྱི་བྱིས་པ་རྣམས་བཙན་གྱིས་རྒྱའི་བཅའ་སྡོད་སློབ་གྲྭར་བཅུག་ནས་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་ཐབས་བྱེད་བཞིན་པ་དང་། བོད་ཁུལ་དུ་ཡོད་པའི་འབྲོག་པ་རྣམས་བཙན་ཤེད་ཀྱིས་གནས་སྤོར་བྱེད་དུ་བཅུག་སྟེ་བོད་ཀྱི་རིག་གཞུང་རྩ་མེད་དང་། ལྷག་པར་བོད་ཀྱི་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་བཅས་པར་གནོད་འཚེ་བཟོ་བཞིན་པ། དེ་བཞིན་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་གཙོས་བོད་མི་རྣམས་ལ་དམ་བསྒྲགས་སྔར་ལྷག་བྱེད་བཞིན་པའི་གནད་དོན་རྣམས་ཐེར་འདོན་གྱིས་རྒྱལ་ཚོགས་ནས་རྒྱ་གཞུང་ལ་འདི་ལྟ་བུའི་དྲག་གནོན་གྱི་སྲིད་བྱུས་དེ་དག་འཕྲལ་མར་མཚམས་འཇོག་དགོས་པའི་གནོད་ཤུགས་སྤྲོད་དགོས་ཞེས་གསུངས་འདུག

ཕྱི་ཟླ་ ༡༠ པ་ནང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མི་འོས་འདེམས་གནང་སྐབས་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་རྣམས་ཀྱིས་རྒྱ་ནག་གི་ངོ་ཚབ་ལ་རྒྱབ་སྐྱོར་མ་གནང་རོགས་ཞེས་རེ་སྐུལ་གནང་འདུག་པ་དང་། རྒྱལ་ཚོགས་ཀྱིས་གཙོས་པའི་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་གཞུང་གི་དྲག་གནོན་ཅན་གྱི་སྲིད་བྱུས་དེ་དག་ལ་དགག་བྱ་དང་ཞིབ་འཇུག་ནན་པོ་གནང་དགོས་པ་སོགས་གསུངས་པར་མ་ཟད། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏང་མཁན་རྒྱ་ནག་གི་དཔོན་རིགས་རྣམས་ལ་སྲིད་དོན་ཆད་པ་དྲག་པོ་གཅོད་དགོས་པའི་ཞུ་སྐུལ་གནང་ཡོད།

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་དང་བསྟུན་ཟླ་ ༩ ཚེས་ ༢༦ ཉིན་ཡུ་རོབ་མཐུན་ཚོགས་ཀྱིས་དབུས་པའི་ཨོ་སི་ཊོ་ལི་ཡ། ཁེ་ན་ཌ། སྦེལ་ཇམ། ཅེཀ་སྤྱི་མཐུན་རྒྱལ་ཁབ། ཌེན་མག ཧྥི་ལན་ཌི། ཇར་མ་ནི། ཨ་ཡིས་ལན་ཌི། དེ་བཞིན་ཨ་ལན་ཌི། སུད་ཌེན་བཅས་ཁྱོན་རྒྱལ་ཁབ་བཅུ་གཉིས་ཀྱིས་བོད་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་ནས་རྒྱ་གཞུང་ལ་སྐྱོན་བརྗོད་གནང་ཡོད་པ་རེདཟླ་ ༩ ཚེས་ ༢༠ ཉིན་རྒྱལ་ཚོགས་ཀྱི་ཚོགས་ཁང་ཞིག་ཏུ་བོད་ནང་གི་རང་དབང་གནས་བབ་ཞེས་པའི་བརྗོད་གཞིའི་ཐོག་ཟུར་ཚོགས་གནང་ཡོད་པ་དང་། ལྷན་ཚོགས་དེའི་ཐོག་རྒྱལ་ཚོགས་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་མི་དང་གཞུང་ཚབ་མི་སྣ་སོགས་ཚོགས་བཅར་བ་མང་དག་ཅིག་མཉམ་ཞུགས་གནང་ཡོད་པར་མ་ཟད། གསུང་བཤད་གནང་མཁན་ཁོངས་སུ་བོད་དོན་ཞུ་གཏུག་ཚོགས་པ་ Tibet Advocacy Coalition ཞེས་པའི་ལས་བྱེད་ལྕམ་སྐུ་Gloria Montgomery ལགས་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཇར་མ་ནི་སྡེ་ཚན་གྱི་འགན་འཛིན་ Kai Muller ལགས། དེ་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་ངེས་སྟོན་པ་པདྨ་སྒྲོལ་མ་ལགས་བཅས་ཡོད་པ་རེད།

སྐབས་དེར་ལྕམ་སྐུ་ Gloria Montgomery ལགས་ཀྱིས་ཉེ་བའི་ལོ་ཤས་ནས་བཟུང་སྟེ་རྒྱ་ནག་གཞུང་གིས་བོད་ནང་བཅའ་སྡོད་སློབ་གྲྭ་འཕོན་ཆེན་ཆེད་འཛུགས་བྱས་པའི་ནང་ལོ་ན་ ༤ ནས་ ༡༨ བར་གྱི་བོད་ཕྲུག་ས་ཡ་གཅིག་ལྷག་རྒྱའི་བཅའ་སྡོད་སློབ་གྲྭར་བཙན་དབང་གིས་བཅུག་པ་དང་། རྒྱ་གཞུང་གི་དགོས་མཁོ་དང་མཐུན་པའི་སྐད་གཉིས་སློབ་གསོ་སོགས་ཀྱི་སྲིད་བྱུས་ལག་བསྟར་བྱས་ཏེ་བོད་ནང་གི་བོད་མི་སྤྱི་དང་སྒོས་སུ་བོད་ཕྲུག་སློབ་མ་རྣམས་ལ་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཐོག་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་མེད་པའི་ཛ་དྲག་གི་གནས་སྟངས་ཆགས་ཡོད་སྐོར་སྙན་སེང་ཞུས་པ་དང་འབྲེལ། རྒྱལ་ཚོགས་གཙོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བཅའ་སྡོད་སློབ་གྲྭ་དང་འབྲེལ་རྒྱ་གཞུང་ལ་སྐྱོན་བརྗོད་དང་སྲིད་བྱུས་དེ་གཏན་འབེབས་ལག་བསྟར་བྱེད་མཁན་རྒྱ་ནག་གི་འགོ་ཁྲིད་ཚོར་དེ་དག་འཕྲལ་མར་མཚམས་འཇོག་དགོས་པའི་གནོད་ཤུགས་དང་སྲིད་དོན་ཆད་པ་དྲག་པོ་གཅོད་དགོས་པ་སོགས་གསུངས་ཡོད།

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཇར་མ་ནི་སྡེ་ཚན་གྱི་འགན་འཛིན་ Kai Muller ལགས་ཀྱིས་བོད་ཀྱི་ཐུན་མིན་རིག་གཞུང་རྩ་མེད་བཟོ་ཐབས་ལ་དམིགས་ནས་རྒྱ་གཞུང་གིས་བོད་ཀྱི་རིག་གཞུང་དང་ངོ་བོ་གཏན་པོ་བཟུང་མཁན་བོད་ཀྱི་འབྲོག་པ་རྣམས་རྩྭ་ཐང་ནས་གྲོང་རྡལ་ལ་བཙན་ཤེད་ཀྱིས་གཞིས་སྤོ་བྱེད་བཅུག་པའི་གནད་དོན་རྣམས་མངོན་གསལ་དང་། ལྷག་པར་དེ་སྔ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཕྱི་ལོ་ ༢༠༠༨ ནས་བཟུང་ད་བར་བོད་ནང་ཁོར་ཡུག་སྲུང་སྐྱོབ་པ་བོད་མི་ ༥༠ ཙམ་རྒྱ་གཞུང་གིས་ཁྲིམས་མེད་ལུགས་མེད་ཐོག་ཉེས་ཆད་བཏང་ཡོད་སྐོར་ལུང་འདྲེན་དང་ཆབས་ཅིག རྒྱལ་ཚོགས་ཀྱིས་བོད་ནང་གི་ཆེས་ཞན་པའི་གནད་དོན་ཐོག་ཞིབ་འཇུག་མཐིལ་ཕྱིན་པ་གནང་སྟེ། རྒྱ་ནག་དེ་ཉིད་འགན་འཁུར་ལྡན་པ་ཞིག་བཟོ་དགོས་པ་དང་དེ་ལྟ་བུའི་རྒྱ་གཞུང་གི་དྲག་གནོན་གྱི་ལས་གཞི་རྣམས་འཕྲལ་མར་མཚམས་འཇོག་ཆེད་ནུས་པ་སྤུངས་དགོས་གལ་ཡིན་པར་གསུངས་འདུག  

དེ་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་ངེས་སྟོན་པ་པད་མ་སྒྲོལ་མ་ལགས་ཀྱིས་དེ་སྔ་རྒྱ་ནག་གི་དཔོན་རིགས་ཚོས་གྲངས་ཉུང་མི་རིགས་རྣམས་ཀྱི་ཐུན་མོང་མ་ཡིན་པའི་ཆོས་རིག་དང་སྐད་ཡིག་ཐོག་གུ་ཡངས་ཅུང་བྱས་ཡོད་ཀྱང་། སྲིད་འཛིན་ཞི་ཅིན་ཕིང་གིས་སྣེ་ཁྲིད་པའི་སྲིད་གཞུང་གིས་བོད་མི་རྣམས་ལ་དམ་བསྒྲགས་དང་དྲག་གནོན་སྔར་ལྷག་བྱེད་བཞིན་ཡོད་པ་མ་ཚད་པར་བོད་ནང་གི་དངོས་ཡོད་གནས་སྟངས་རྣམས་ཉིན་རེ་ལས་མ་འདས་པར་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་ཆེས་ཛ་དྲག་ཅན་གྱི་གནས་བབ་ཆགས་ཡོད་པ་བཅས་ངོ་སྤྲོད་གནང་འདུག

འབྲེལ་ཡོད་གསར་གནས།

Sunday 19/05/2024

Saturday 18/05/2024

Friday 17/05/2024

གསར་གནས།