རྒྱ་ནག་གཞུང་གིས་ལོ་རྒྱུས་ཀྱི་གལ་གནད་ལྡན་པའི་རྒྱལ་རོང་གི་བཙན་རྫོང་ཞིག་གཏོར་བཤིག་བཏང་བར་བོད་མི་རྣམས་ཀྱིས་བློ་ཕམ་དང་སྦྲགས། བྱེད་བབ་དེ་ནི་བོད་ཀྱི་རིག་གནས་ཤུལ་བཞག་མེད་པ་བཟོ་རྒྱུའི་ལས་འགུལ་ཞིག་ཡིན་པར་བརྗོད་ཀྱི་འདུག
དེ་ཡང་རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་དངོས་སུ་ལག་བསྟར་བྱེད་འགོ་བཙུགས་པའི་ཉིན་མ་ཁ་ཤས་རྗེས་ཏེ། ཕྱི་ལོ་ ༢༠༢༦ ཟླ་ ༠༧ ཚེས་ ༡༣ ཉིན་རྒྱ་གཞུང་གིས་བོད་མི་རིགས་ཀྱི་རྩ་ཆེའི་གནའ་བོའི་རིག་དངོས་ཤུལ་བཞག་ཁོངས། རྒྱལ་མོ་ཚ་བ་རོང་གི་རྡོ་བཟོའི་བཙན་རྫོང་ཞིག་གཏོར་ཞིག་གཏོང་བཞིན་པའི་བརྙན་ཞིག་དྲྭ་ཐོག་ཏུ་ཕྱིར་གྱར་བྱུང་ཡོད། འདི་ག་གསར་ཁང་ལ་ལག་སོན་བྱུང་བའི་བརྙན་ཐུང་ནང་དུ། རྒྱ་ནག་གཞུང་གི་དབང་འཛིན་པ་ཚོས་བོད་བཙན་པོའི་དུས་སྐབས་སུ་བཞེངས་པར་གྲགས་པའི་རྡོ་མཁར་བཙན་རྫོང་ཞིག་འཕྲུལ་གླང་(bulldozer)གིས་འཛེམས་ཟོན་མེད་པར་གཏོར་བཤིག་གཏོང་བཞིན་པ་མཐོང་རྒྱུ་འདུག

བོད་ཤར་ཕྱོགས་རྒྱལ་མོ་ཚ་བ་རོང་དུ་ལོ་རྒྱུས་ཀྱི་གལ་གནད་ལྡན་པའི་སྲ་ཞིང་འཐས་པའི་རྡོ་མཁར་བཙན་རྫོང་མང་དག་ཅིག་ཡོད་པ་དང་། བཙན་རྫོང་དེ་དག་ཕྱི་ལོའི་དུས་རབས་ ༦ ནས་ ༡༩ པའི་བར་དུ་བརྩིགས་པ་ཞིག་ཡིན་ཞིང་། དེ་ཚོའི་ནང་ནས་རྡོ་མཁར་སྔ་ཤོས་རིགས་བོད་བཙན་པོའི་སྐབས་དང་། མན་ཇུས་རྒྱལ་རོང་ཁུལ་ལ་དམག་རྒྱག་པའི་སྐབས་སུ་བརྩིགས་པར་གྲགས། རྡོ་མཁར་བཙན་རྫོང་རྙིས་ཤོས་དག་ལ་ལོ་ངོ་ ༡༢༠༠ ཙམ་གྱི་ལོ་རྒྱུས་ལྡན་ཞིང་། གསར་ཤོས་ལ་མི་ལོ་ཉིས་བརྒྱ་ལྷག་གི་ལོ་རྒྱུས་ཡོད།
རྒྱ་ནག་གཞུང་གིས་བོད་ཀྱི་གནའ་བོའི་རིག་གནས་ཤུལ་བཞག་རྒྱལ་རོང་གི་བཙན་རྫོང་གཏོར་བཞིན་པའི་བརྙན་ཐུང་དེ་དྲྭ་ཐོག་ཏུ་ཁྱབ་པའི་རྗེས། སྨྲ་བརྗོད་རང་དབང་མེད་པའི་བོད་མི་མང་པོས་རྒྱ་ནག་གཞུང་ལ་ཐད་ཀར་སྐྱོན་བརྗོད་བྱེད་མ་ནུས་ཀྱང་། དྲྭ་ཐོག་ནས་བློ་འཕམ་དང་། ཟུར་ཟའི་ལམ་ནས་སེམས་ཚོར་བསྟན་འདུག
དེ་ཡང་བོད་མི་མང་པོས་དྲྭ་ཐོག་སྤེལ་བའི་བརྙན་ཐུང་འོག་ཏུ་ “ད་ངོ་མ་ཚར་ཐལ།” “གནའ་བོའི་རིག་དངོས་གཏོར་མི་རུང་བ་དང་། དེ་ནི་ཁྲིམས་དང་འགལ་བའི་བྱ་སྤྱོད་ཡིན།” “ཡིད་ཆད། ཡིད་ཕངས། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་གཅིག་མེད་པ་བཏང་བའི་བསམ་ངན་ཅན་དག། ང་ཚོ་རིག་གནས་ཡོད་མི་ཆོག་པ་གང་ཡིན།” “འདྲེ་ལག་བརྐྱངས་འདུག” “ས་ཆ་དེས་ང་ཚོའི་བོད་ཀྱི་ལོ་རྒྱུས་བཟུང་ཡོད། དེ་གཏོར་དགོས་དོན་ཅི་ཡིན་ནམ།” ཞེས་མིག་ཆུ་གཏོང་བཞིན་པའི་ཚོར་རིས་དང་སྦྱར་ནས་མཆན་བཏབ་འདུག

འོན་ཀྱང་། བརྙན་ཐུང་དེ་དྲྭ་ཐོག་ཏུ་ཁྱབ་ནས་ཆུ་ཚོད་ལྔ་ཙམ་གྱི་རྗེས་སུ། དྲྭ་ཐོག་ནས་ནག་བསུབ་བཏང་ཟིན་འདུག གནས་སྟངས་དེའི་སྐོར་རྒྱུས་མངའ་ཡོད་པའི་མིང་བརྗོད་འདོད་མེད་པའི་འབྲེལ་ཡོད་ཅིག་ནས་འདི་ག་གསར་ཁང་ལ་འགྲེལ་བརྗོད་གནང་བ་ལྟར་ན། བརྙན་ཐུང་དེ་བོད་ནང་གི་སྤྱི་ཚོགས་དྲྭ་ལམ་གཉིས་ཀྱི་སྟེང་བཀོད་ཡོད་པ་དང་། ཆུ་ཚོད་ལྔའི་རིང་དྲྭ་ཐོག་ཏུ་ཁྱབ་པའི་སྐབས་སུ་བརྙན་ཐུང་བརྒྱུད་སྤེལ་དང་། དོན་རྐྱེན་དེར་མ་རངས་བའི་རྣམ་འགྱུར་དང་མཆན་འགོད་མཁན་ཧ་ཅང་མང་པོ་བྱུང་ཡོད་པ་བརྗོད་ཀྱི་འདུག
གཞི་རྩའི་རྒྱལ་མོ་ཚ་བ་རོང་ནི་བོད་ཀྱི་ཤར་མཐར་ཆགས་ཤིང་། བོད་ཀྱི་རོང་ཆེན་བཞིའི་ཡ་གྱལ་གཅིག་ཡིན་ལ། ད་ལྟའི་རྒྱ་ནག་གི་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་སུ་གཏོགས། རྒྱལ་རོང་བཙན་ལྷ་དང་། རོང་བྲག ཆུ་ཆེན། འབར་ཁམས་སོགས་སུ་བཙན་རྫོང་ཆེ་ཆུང་དང་མཐོ་དམའ་བརྒྱ་ཕྲག་ལོང་བ་ཡོད་ཅིང་། མཁར་རྫོང་དམའ་ཤོས་ལ་མཐོ་ཚད་སྨི་ ༢༠ དང་མཐོ་ཤོས་ལ་སྨི་ ༥༠ ལྷག་ཡོད་པ་དང་། བཙན་རྫོང་དེ་རིགས་ལ་གླིང་བཞི་ཅན་དང་། གླིང་ལྔ་ཅན། གླིང་དྲུག་ཅན་ཡོད་པ་དང་། དེའི་ནང་ནས་ཕལ་ཆེ་བ་གླིང་བཞི་ཅན་ཡིན།
རྒྱལ་རོང་གི་ལུང་པ་རེ་རེ་དང་གྲོང་ཚོ་སོ་སོ་ན་ཡོད་པའི་བཙན་རྫོང་དེ་དག་ནི་འགག་རིང་མོ་དང་། འཕྲང་དོག་པོ། རིའི་གདོང་ཁ་སོགས་ཕྱི་དགྲས་རྒོལ་དཀའ་བའི་གནས་སུ་བརྩིགས་ཡོད་པས། དེ་ནི་དམག་འཁྲུག་དང་འབྲེལ་བ་དམ་པོ་ཡོད་པ་ཤེས་ཐུབ། བཙན་རྫོང་དེ་དག་ཁག་ཅིག་ལོ་རྒྱུས་ཀྱི་དུས་སྐབས་སོ་སོའི་ནང་དུ་མི་རིགས་ཕན་ཚུན་དང་། ཚོ་པ་ཕན་ཚུན་མ་མཐུན་པའི་དམག་འཁྲུག་བྱུང་བའི་སྐབས་སུ་ཕྱི་དགྲ་དང་འཇག་པ་འགོག་ཆེད་དུ་བརྩིགས་པ་དང་། ཁ་ཤས་ནི་ཚོ་པ་དང་ཚོ་པའི་བར་དུ་ས་རྟགས་སུ་བརྩིགས་པར་བཤད། རྡོ་བརྩིགས་ཀྱི་བཟོ་རྩལ་ཁྱད་དུ་འཕགས་ཤིང་། ཟུར་ངོས་རྣམས་སྙོམ་ལ་བཀོད་དབྱིབས་མཛེས་ཤིང་ལྟ་ན་སྡུག་པ་མ་ཟད། སྲ་ཞིང་བརྟན་པའི་བཙན་རྫོང་དེ་དག་གི་ནང་ངོས་ནས་ཡང་སྟེང་བར་དུ་སྐས་འཛེགས་བརྒྱུད་འགྲོ་ས་ཡོད་པ་དང་། དེའི་སྟེང་ནས་སོ་ལྟ་བྱེད་ས་ཡོད།
རྒྱ་ནག་གཞུང་གིས་བོད་མི་རིགས་ཀྱི་གནའ་བོའི་ཤུལ་བཞག་གཏོར་བཤིག་གཏོང་བའི་བྱ་སྤྱོད་དེ་ནི། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༥ ལོའི་ཟླ་བ་ ༡༡ ཚེས་ ༢༥ ཉིན་གཏན་ལ་ཕབ་པའི་ “གྲོང་གསེབ་ཀྱི་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུད་འཛིན། སླར་གསོའི་ལས་དོན་ལ་ཤུགས་སྣོན་རྒྱག་པ།” ཞེས་པ་དང་། “གྲོང་གསེབ་ཀྱི་ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་པ།” ཟེར་བའི་གྲོང་གསེབ་རིག་དངོས་ཤུལ་བཞག་སྲུང་སྐྱོང་གི་ཁྲིམས་དང་རྒྱབ་འགལ་ཆགས་ཡོད།

མིང་བརྗོད་འདོད་མེད་པའི་འབྲེལ་ཡོད་གནད་དོན་དབྱེ་ཞིབ་པ་དེ་རང་གིས། བཙན་རྫོང་རྡོ་མཁར་རྙིང་པ་གཏོར་བཤིག་བྱས་པའི་བྱ་སྤྱོད་འདི་ནི་རྒྱ་གཞུང་གིས་བཟོས་པའི་ཁྲིམས་ཀྱི་ཡིག་ཆ་དང་། རྒྱ་ནག་གི་སྲིད་འཛིན་ཅི་ཞི་ཅིན་ཕིང་གིས་བཤད་པའི་ “ལོ་རྒྱུས་རིག་གནས་ཀྱི་ཤུལ་བཞག་རིག་དངོས་ལ་སྲུང་སྐྱོབ་དང་བེད་སྤྱོད་བྱ་རྒྱུར་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། ཤུལ་བཞག་རིག་གནས་ཀྱི་རིན་ཐང་སྔོག་འདོན་འཆད་འགྲེལ་དང་བརྒྱུད་སྒྲོག་ཁྱབ་བརྡལ་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། དུས་རབས་གསར་པའི་ལོ་རྒྱུས་རིག་གནས་དང་འབྲེལ་བའི་ཤུལ་བཞག་རིག་དངོས་སྲུང་སྐྱོབ་ཀྱི་འཕེལ་རིམ་གསར་པ་དང་གྲུབ་འབྲས་གསར་པ་རྒྱ་ཁྱབ་ངང་དྲིལ་སྒྲོག་” བྱེད་དགོས་པ་ཟེར་བ་དེ་དང་ཡང་འགལ་གྱི་ཡོད་ཅེས་བརྗོད་ཀྱི་འདུག
ལོ་རྒྱུས་ཐོག་ནས་རྒྱལ་རོང་ཁུལ་དུ་ནང་ཆོས་དང་བོན་ཆོས་གཉིས་ཀ་དར་འཕེལ་ཆེན་པོ་བྱུུང་ཡོད་ལ། ལྷག་པར་དུ་འབག་དང་། འཇིམ་བཟོ། ཁང་བཟོ་སོགས་ཁྱད་དུ་འཕགས་པའི་བཟོ་རྩལ་ཤེས་རིག་དར་རྒྱས་བྱུང་ཞིང། དམིགས་བསལ་ཁུལ་དེའི་ཁང་པའི་བཟོ་བཀོད་སྒྱུ་རྩལ་སྐད་གྲགས་ཆེན་པོ་ཡོད་པར་གྲགས། །




