རྒྱ་གར་ལྷོ་ཕྱོགས་སྦེང་ལོར་ནང་ཡོད་པའི་ Garden Asia Restaurant ཟ་ཁང་གི་སྦྱིན་བདག་ཉི་མ་ལགས་སུ་ ༢༠༢༦ ལོའི་ཨེ་ཤ་ཡའི་ཟས་རིགས་ཟ་ཁང་ལེགས་ཤོས་ཀྱི་བྱ་དགའ་ཐོབ་འདུག

ཉེ་ཆར་ཟླ་ ༤ ཚེས་ ༡༤ ཉིན་རྒྱ་གར་ནང་མིང་གྲགས་ཡོད་པའི་ Restaurant India དང་ Entrepreneur India གཉིས་ཀྱི་གོ་སྒྲིག་འོག་མངའ་སྡེ་དེའི་ནང་གི་ཟས་རིགས་ཀྱི་སྤུས་ཚད་དང་ཞབས་ཞུ། གསར་གཏོད་བཅས་ལ་དཔྱད་ཞིབ་ཀྱིས་ཕུལ་བྱུང་གི་ལས་དོན་གཉེར་མཁན་ཚོར་ངོས་འཛིན་དང་ཆེ་བསྟོད་ཞུ་ཆེད། སྦེང་ལོར་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ Sheraton Grand གསོལ་མགྲོན་ཁང་དུ་ Restaurant Awards 2026 – Karnataka Edition ཞེས་༢༠༢༦ ལོའི་ཀར་ན་ཀྲ་ཀ་མངའ་སྡེའི་ཁ་ཟང་ལེགས་ཤོས་ཀྱི་བྱ་དགའ་འབུལ་བཞེས་ཀྱི་མཛད་སྒོ་ཞིག་ཚོགས་པའི་ཐོག ལོ་འདིའི་ཨེ་ཤ་ཡའི་ཟས་རིགས་ཟ་ཁང་ལེགས་ཤོས་ Asian Cuisine Restaurant of the Year གྱི་བྱ་དགའ་ཐོབ་མཁན་གྱི་མིང་གཞུང་ཡོངས་གྲགས་གནང་ཡོད་པ་དང་། དེ་དག་ཁོངས་ནས་སྦེང་ལོར་དུ་ཡོད་པའི་བོད་པའི་ཟ་ཁང་། Garden Asia Restaurant གྱི་སྦྱིན་བདག་ཉི་མ་ལགས་སུ་བྱ་དགའ་དེ་ཐོབ་འདུག

འདི་ག་རླུང་འཕྲིན་ཁང་ནས་ཉི་མ་ལགས་སུ་དེའི་སྐོར་བཀའ་འདྲི་ཞུས་ཡོད་པར་ཁོང་གིས། བོད་པའི་གཞོན་སྐྱེས་ཤིག་ལ་རྒྱ་གར་ལྟ་བུའི་ཁྲོམ་རྭ་ཆེན་པོའི་ནང་རྒྱལ་སྤྱིའི་ཟས་རིགས་ཀྱི་ཚད་གཞིའི་ཐོག་ནས་བྱ་དགའ་ཐོབ་པ་འདིས་གཞོན་སྐྱེས་གཞན་ལ་སེམས་སྐུལ་དང་སྙིང་སྟོབས་ཆེན་པོ་སྤྲོད་ཐུབ་རྒྱུ་མ་ཟད། འདིས་བོད་པའི་ཟ་ཁང་དང་བོད་མིའི་ལས་ཀའི་སྤུས་ཚད་ལ་ས་གནས་མི་མང་དང་གཞུང་གི་ངོས་ནས་མཐོང་ཆེན་དང་ཡིད་ཆེས་སྔར་ལྷག་འཕེལ་རྒྱུ། ལྷག་པར་འདི་ལྟ་བུའི་ངོས་འཛིན་གྱིས་བོད་པའི་ཚོང་ལས་འཕེལ་རྒྱས་དང་དཔལ་འབྱོར་རང་ཁ་རང་གསོ་ཡོང་བར་ཕན་ཐོགས་ཆེན་པོ་ཡོད་ཅེས་གསུངས་སོང་།

བོད་པའི་ཟ་ཁང་གི་སྦྱིན་བདག་ཉི་མ་ལགས་ནི། ད་ལྟ་རང་ལོ་ ༣༣ ཡིན་པ་དང་ཕྱི་ལོ་ ༢༠༠༧ ལོར་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་བ་དང་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་གྱི་ཁྲིམས་ལུགས་སློབ་ཆེན་ CMR ནང་རྒྱ་གར་གྱི་ཁྲིམས་གཙོས་པའི་རྒྱལ་སྤྱིའི་ཁྲིམས་ལུགས་སྐོར་སློབ་གཉེར་གནང་ཡོད་ཅིང་། ལྷག་པར་དུ་ཕྱི་ལོ་ ༢༠༡༧ ལོའི་བོད་ཀྱི་མཛངས་པའི་འགྲན་བསྡུར་ཁྲོད་ཁོང་ལ་རྒྱལ་ཁ་ཐོབ་ཡོད།
ཁོང་གི་ Garden Asia ཟ་ཁང་འདི་བཞིན་ཐོག་མ་ ༢༠༡༩ ལོར་འགོ་འཛུགས་ཀྱིས་ད་ཆ་ལོ་བདུན་ཙམ་འགྲོ་བཞིན་ཡོད་པ་དང་། དེའི་ནང་བོད་ཟས་གཙོ་བོར་གྱུར་པའི་ཨེ་ཤ་ཡའི་ཡུལ་ལུང་འདྲ་མིན་གྱི་ཟ་མ་སོགས་ཀྱི་ཁྱད་ཆོས་སྣ་འཛོམས་ལྡན་ཡོད་པ་རེད་འདུག



