Tibetan Royal Year of 2151 | Year of the Wood Dragon

སྲིད་སྐྱོང་མཆོག་གིས་ཟླ་འདིའི་ཟླ་འགོར་རྒྱ་ནག་ལྷན་དུ་གཞུང་འབྲེལ་མིན་པའི་བརྒྱུད་ལམ་ཐོག་ནས་འབྲེལ་མོལ་བྱུང་ཡོད་པ་གསུངས་འདུག

Tibetan News Headlines

  • Ramon Magsaysay award foundation launches 7-volume series in commemoration of Dalai Lama’s 65th anniversary award
  • Rain-triggered flood kills 6 in Amdo province
  • U.S. Ambassador Eric Garcetti reaffirms support for Tibetan values at a Tibet festival in Delhi
  • National Democratic Party of Tibet celebrates the 30th Founding Anniversary
  • Ukraine criticises Mongolia’s failure to arrest Putin

རེས་གཟའ་ལྷག་པ། ༢༠༢༤།༠༩།༠༤

  • ༸གོང་ས་མཆོག་གིས་ Ramon Magsaysay གཟེངས་རྟགས་ཐེབས་རྩའི་ཚོགས་མི་རྣམས་ལ་མཇལ་ཁ་སྩལ་བ།
  • བོད་མཚོ་སྔོན་ཞིང་ཆེན་གསེར་ཆེན་རྫོང་ཁུལ་དུ་དྲག་ཆར་དང་ཆུ་ལོག་གི་དོན་རྐྱེན་འོག་བོད་མི་ ༦ རྐྱེན་འདས་སུ་འགྱུར་བ།
  • གཞུང་ཚབ་པ་ Eric Garcetti མཆོག་གིས་བོད་མིའི་རྒྱབ་ཏུ་ཨ་མི་རི་ཀའི་ལངས་ཕྱོགས་བརྟན་པོ་ཡིན་གསུངས་སོང་།
  • བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་དབུ་བརྙེས་ནས་ལོ་ངོ་སུམ་བཅུ་འཁོར་བའི་དུས་དྲན་སྲུང་བརྩི།
  • Ukraine གྱིས་སོགས་ཡུལ་གཞུང་ལ་ཨུ་རུ་སུའི་སྲིད་འཛིན་ Putin འཛིན་བཟུང་མ་བྱས་པར་སྐྱོན་བརྗོད།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁ་སང་རྒྱ་གར་བརྒྱུད་ལམ་གྱི་བཅར་དྲིར་ལེན་འདེབས་ཁྲོད། བོད་རྒྱའི་དབར་གཞུང་འབྲེལ་མིན་པའི་བརྒྱུད་ལམ་གཞན་ཏེ་རྒྱབ་སྒོ་ནས་འབྲེལ་ལམ་ཡོང་བཞིན་པ་ར་སྤྲོད་དང་འབྲེལ། འབྲེལ་མོལ་གསར་ཤོས་དེ་ཟླ་བ་འདིའི་ཟླ་འགོར་བྱུང་ཡོད་པ་དང་དེའང་རྒྱལ་ཁབ་གསུམ་པ་ཞིག་གི་རོགས་སྐྱོར་ཐོག་ནས་བྱུང་ཡོད་པ་གསུངས་འདུག

Sikyong WION Interview

དེ་ཡང་ཁ་སང་རྒྱ་གར་གྱི་ WION གསར་ཁང་གིས་རྒྱལ་ས་ལྡི་ལིར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་བཅར་འདྲི་ཞུས་པའི་བརྙན་པར་ཞིག་འདོན་སྤེལ་གནང་བའི་ནང་དུ། བོད་རྒྱ་འབྲེལ་མོལ་སྐོར་གྱི་དྲི་བར་ལན་འདེབས་ཁྲོད་སྲིད་སྐྱོང་མཆོག་གིས་ད་ལྟའི་ཆར་བོད་རྒྱའི་དབར་རྒྱབ་སྒོ་ནས་འབྲེལ་མོལ་ཡོང་བཞིན་ཡོད་པ་དང་། དེའང་ཨ་རི་སྲིད་འཛིན་གྱིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ཐོག་མཚན་རྟགས་མ་བཀོད་པའི་སྔོན་ཚུད་ཟླ་བ་འདིའི་ཟླ་འགོར་འབྲེལ་མོལ་ཐེངས་གཅིག་བྱུང་ཡོད་པ་གསུངས་འདུག

འོན་ཀྱང་སྲིད་སྐྱོང་མཆོག་གིས་ཕྱོགས་གཉིས་དབར་གྱི་འབྲེལ་མོལ་དེར་ལྟོས་མེད་ད་ལྟ་སྲིད་འཛིན་ཞི་ཅིན་ཕིང་གིས་བོད་ཙམ་མ་ཟད་ཧོང་ཀོང་དང་ཡུ་གུར་ནང་སོག་བཅས་ཀྱི་ཐོག་བྱས་བབ་ལ་གཞིགས་ཚེ་བཟང་ཕྱོགས་ཀྱི་རེ་བ་བརྒྱག་ས་གང་ཡང་མེད་པ་དེ་ལྟར་ཡང་། བོད་རྒྱའི་དཀའ་རྙོག་འདི་བཞིན་དུས་ཡུན་ཐུང་ཐུང་ཞིག་གི་དཀའ་རྙོག་ཞིག་མིན་སྟབས། མ་འོངས་ཕུགས་རྒྱང་རིང་པོའི་བསམ་བློའི་ཐོག་ནས་གནང་གི་ཡོད་པ་གསུངས་འདུག

Sikyong WION Interview

གཞན་ཡང་རྒྱ་གར་གྱི་ The Hindu གསར་ཤོག་ཐོག་དེ་འབྲེལ་གནས་ཚུལ་སྤེལ་བ་ནང་གསལ་ལྟར་ན། སྲིད་སྐྱོང་མཆོག་གིས་ད་དུང་ཁ་སང་ལྡི་ལིའི་ནང་རྒྱ་གར་གྱི་གསར་འགོད་པ་གཞན་གྱི་དྲི་བར་ལན་འདེབས་ཁྲོད། རྒྱ་ནག་དང་ལྷན་དུ་རྒྱབ་སྒོ་ནས་འབྲེལ་མོལ་ཡོང་བཞིན་པ་དེའང་རྒྱལ་ཁབ་གསུམ་པ་ཞིག་གི་རོགས་སྐྱོར་འོག་ཡོང་བཞིན་པ་དང་། དེའང་རྒྱ་ནག་གཞུང་གིས་ཚུར་འབྲེལ་བ་བྱས་པ་ཞིག་ཡིན་པ་འགྲེལ་བརྗོད་གནང་འདུག དེ་བཞིན་རྒྱ་ནག་ངོས་ནས་ད་སྐབས་བོད་ལ་དབྱིན་ཡིག་ཐོག་ Tibet ཞེས་པའི་ཚབ་ཏུ་ Xizang ཞེས་པའི་ཐ་སྙད་ཡོངས་གྲགས་ཀྱིས་བཀོལ་སྤྱོད་བྱེད་བཞིན་པའི་གནད་དོན་ལུང་འདྲེན་དང་འབྲེལ། བོད་མིའི་སྒྲིག་འཛུགས་ངོས་ནས་བོད་ནང་གི་ས་གནས་ཁག་གི་མིང་ཡོངས་རྫོགས་ལ་ཞིབ་འཇུག་གིས་རིམ་པས་བོད་མིང་ཁོ་ན་འཁོད་པའི་བོད་ཀྱི་ས་ཁྲ་འདོན་སྤེལ་གནང་འཆར་ཡོད་སྐོར་གསུངས་འདུག

སྤྱིར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཟླ་བ་འདིའི་ཚེས་ ༨ ནས་ཁ་སང་ཚེས་ ༡༧ བར ལ་དྭགས་སླེ་བྱང་གཉིས་སུ་གཞུང་འབྲེལ་འཚམས་གཟིགས་གནང་སྟེ་ཁ་སང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འབྱོར་མ་ཐག་ཡིན་པ་རེད། སྲིད་སྐྱོང་མཆོག་གིས་ལ་དྭགས་ནས་ཕྱིར་ཐོན་མ་གནང་གོང་ས་གནས་བོད་མི་མང་ཚོགས་ལ་གསུངས་བཤད་གནང་བའི་སྐབས་སུའང་བོད་རྒྱ་འབྲེལ་མོལ་སྐོར་དང་འབྲེལ། ད་ལྟའི་ཆར་བོད་རྒྱའི་དབར་གཞུང་འབྲེལ་མིན་པའི་བརྒྱུད་ལམ་ཐོག་ནས་འབྲེལ་ལམ་བྱུང་བཞིན་ཡོད་ཀྱང་། དེ་ནས་བཟང་ཕྱོགས་ཀྱི་གྲུབ་འབྲས་མཐོན་རྒྱུའི་རེ་བ་མེད་པ་ཡིན་ནའང་ཕུགས་རྒྱང་རིང་པོའི་བསམ་བློའི་ཐོག་ནས་འབྲེལ་མོལ་མུ་མཐུད་གནང་བཞིན་ཡོད་པ་གསུངས་འདུག

Sikyong WION Interview

གཞི་རྩའི་འདི་ལོར་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་ཚད་མཐོའི་རྒྱབ་སྐྱོར་ཐོག་ནས་ Resolve Tibet Act ཞེས་བོད་རྒྱའི་དཀའ་རྙོག་སེལ་ཐབས་དང་འབྲེལ་བའི་ཁྲིམས་འཆར་ཞིག་གཏན་འབེབས་གནང་བ་དང་། དེར་ཨ་རི་སྲིད་འཛིན་མཆོག་གིས་ཟླ་བ་འདིའི་ཚེས་ ༡༢ ཉིན་མཚན་རྟགས་བཀོད་དེ་སྲིད་བྱུས་སུ་གཏན་ལ་ཕབ་པ་དེའི་ནང་དུའང་། རྒྱལ་སྤྱིའི་ཁྲིམས་ཐོག་ནས་བོད་ཀྱི་གནད་དོན་འདི་དུས་ད་ལྟའང་ཐག་གཅོད་མ་ཟིན་པའི་གནད་དོན་ཞིག་ཡིན་ཞིང་། རྒྱ་གཞུང་གིས་བོད་འདི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་ལུགས་བརྗོད་པ་དེ་འཁྱོག་བཤད་འབའ་ཤིག་ཡིན་པ། བོད་མིར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དགོས་པ། དེ་བཞིན་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་དང་། ༸གོང་ས་མཆོག་གི་སྐུ་ཚབ་བམ་མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་བོད་མིའི་དབུ་ཁྲིད་བར་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་དོན་དམ་གྱི་གྲོས་མོལ་ལམ་ནས་སེལ་དགོས་པ་སོགས་ཀྱི་འབྲུ་དོན་འཁོད་ཡོད་པ་རེད།

ལས་རིམ་ལྟར་ན་སྲིད་སྐྱོང་མཆོག་དེ་རིང་དགོང་དྲོ་ཨ་རིར་ཕེབས་ཐོན་གནང་སྟེ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུ་ཡི་ཡོད་པ་དང་། སྲིད་སྐྱོང་མཆོག་གིས་ཁ་སང་རྒྱ་གར་གྱི་གསར་འགོད་པ་རྣམས་ལ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་དང་འབྲེལ་ཨ་རིའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཁོང་ནས་དེ་འབྲེལ་ཨ་རིའི་ཆབ་སྲིད་ཚོགས་པ་ཆེ་གྲས་གཉིས་ཀའི་འཐུས་མི་མཇལ་མོལ་ཞུ་འཆར་ཡོད་པའི་འགྲེལ་བརྗོད་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།