Tibetan Royal Year of 2151 | Year of the Wood Dragon

ཧི་མ་ལཱ་ཡའི་རི་རྒྱུད་ཀྱིས་༸གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་ཚོར་ངོ་རྒོལ་གྱི་ལས་འགུལ་ཆེས་ཆེར་སྤེལ་བཞིན་པ།

Tibetan News Headlines

  • India elections and Tibet : Discussion

རེས་གཟའ་ཉི་མ། ༢༠༢༤།༠༥།༡༩

  • རྒྱ་གར་གྱི་འོས་བསྡུ་ཆེན་མོའི་ཁ་ཕྱོགས་དང་བོད་ཀྱི་གནས་བབ་སྐོར་གླེང་མོལ།

ཉེ་ལམ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་བྱིས་པ་ཞིག་ལ་ཐུགས་བརྩེ་ཆེན་པོས་བྱམས་སྐྱོང་མཛད་ཕྱོགས་ཀྱི་བརྙན་ཐུང་ཞིག་གི་རྐྱེན་པས་བརྒྱུད་ལམ་ཁག་ཏུ་༸གོང་ས་མཆོག་ལ་མཚན་སྨད་སྐུར་འདེབས་ཞུ་མཁན་མང་དག་ཅིག་བྱུང་བའི་ཁྲོད་ལ་དྭགས་དང་ཨ་རུ་ནཱ་ཅལ། སི་པི་ཏི། འབྲས་ལྗོངས་སོགས་ནས་མགོན་པོ་༸གང་ཉིད་མཆོག་ལ་དད་གུས་གཡོ་བ་མེད་པ་ཞུ་མཁན་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་ས་ཕྱོགས་གང་སར་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་གཅིག་རྗེས་གཉིས་མཐུད་ཀྱིས་སྤེལ་ཏེ་མགོན་པོ་༸གང་ཉིད་མཆོག་ལ་གཞི་མེད་སྐུར་འདེབས་ཞུ་མཁན་དང་ལྷག་པར་གནས་ཚུལ་འགྲེལ་ལོག་བྱེད་མཁན་གྱི་བརྒྱུད་ལམ་ཁག་ལ་ངོ་རྒོལ་གནང་བཞིན་འདུག

དེ་ཡང་ཕྱི་ཟླ་ ༤ ཚེས་ ༡༥ ཉིན་རྒྱ་གར་བྱང་ཕྱོགས་ལ་དྭགས་སུ་མི་མང་སྟོང་ཕྲག་ལྷག་འདུ་འཛོམས་ཀྱིས་༸གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་གྱི་མི་སྣ་ཡོངས་ལ་ངོ་རྒོལ་གྱི་སྐད་འབོད་ལས་འགུལ་གཞི་རྒྱ་ཆེ་བ་སྤེལ་ཡོད་པར་མ་ཟད། དེ་རིང་སླར་ཡང་ལ་དྭགས་ཁུལ་གྱི་ཆོས་ལུགས་རིས་མེད་ཀྱི་མི་མང་གསུམ་ཁྲི་ལྷག་འདུ་འཛོམས་གནང་སྟེ་སྔ་དྲོ་ཕྱག་ཚོད་ ༡༠ ཙམ་ནས་དགོང་དྲོ་ཕྱག་ཚོད་ ༥ བར་ངོ་རྒོལ་གྱི་ལས་འགུལ་དང་ལྷན་ང་ཚོ་དུས་རྟག་ཏུ་༸གོང་ས་མཆོག་དང་མཉམ་དུ་ཡོད་ཅེས་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་འདུག

དེ་རིང་ལ་དྭགས་ཡོངས་རྫོགས་ལས་མཚམས་འཇོག་ནས་ལ་དྭགས་ནང་ཚོགས་དང་དགོན་ཚོགས་གཉིས་ཀྱི་གོ་སྒྲིག་འོག་རྒྱ་གར་གྲོས་ཚོགས་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་ཀྱིས་དབུས་ལ་དྭགས་རི་ལྗོངས་ཡར་རྒྱལ་ལྷན་ཚོགས་ཀྱི་སྡེ་དཔོན། ལ་དྭགས་ཁ་ཆེའི་ཚོགས་པའི་ཚོགས་གཙོ། ལ་དྭགས་ཡེ་ཤུ་ཚོགས་པའི་ཚོགས་གཙོ། ལ་དྭགས་ནང་ཚོགས་དང་དགོན་ཚོགས་ཀྱི་ཚོགས་གཙོ། དེ་བཞིན་ལ་དྭགས་ནང་པའི་གཞོན་ནུ་ལྷན་ཚོགས་དང་ཨ་མ་ཚོགས་པ། ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་ཀྱི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་ལས་ཀྱི་སྣེ་མོ་བ་ཚོས་གཙོ་འགན་བཞེས་ཐོག་སླར་ལ་དྭགས་ཁུལ་དུ་གནས་སྡོད་ནང་པ་དང་ཁ་ཆེ། ཡེ་ཤུ་བཅས་ཆོས་ལུགས་རིས་མེད་ཀྱི་མང་ཚོགས་ཁྲི་གསུམ་ལྷག་གིས་ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་ཁ་སྤྲོད་དུ་ཡོད་པའི་ངག་དབང་རྡོ་རྗེ་སྟོབས་ལྡན་ཐང་ཆེན་ནས་གླེའི་ཁྲོམ་གཞུང་བརྒྱུད་དེ་གླེ་སྤོ་ལོའི་ཐང་བར་སེམས་ཚོར་དྲག་པོས་༸གོང་ས་མཆོག་ལ་མཚན་སྨད་མེད་ཞུ་མཁན་ཚོར་ངོ་རྒོལ་གྱི་སྐད་འབོད་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་ཡོད་པ་དང་། ལ་དྭགས་ཁུལ་དུ་ NDTV གསར་འགྱུར་ལས་ཁང་བཀག་སྡོམ་དང་༸གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་གྱི་གྲགས་ཅན་མི་སྣ་དག་ལ་དྭགས་སུ་བསྐྱོད་རྒྱུར་བཀག་སྡོམ་གནང་འདུག

ཕྱོགས་མཚུངས་དེ་རིང་སྔ་དྲོ་རྒྱ་གར་ཧི་མ་ཅཱལ་མངའ་སྡེའི་སི་པི་ཏི་ཁུལ་གྱི་ united spiti ཞེས་པའི་ཚོགས་པའི་གོ་སྒྲིག་འོག་ཁུལ་དེར་ཡོད་པའི་བརྒྱུད་ལམ་ཁག་ཏུ་འུར་སྒྲོག་དང་མཚན་སྨད་ཞུས་པར་སྐྱོན་བརྗོད་ཀྱི་ངོ་རྒོལ་ལས་འགུལ་ཤུགས་ཆེར་སྤེལ་འདུག་པར་མ་ཟད། བདུན་ཕྲག་སྔོན་མར་ཆེས་ཐོག་མར་རྒྱ་གར་ཨ་རུ་ནཱ་ཅལ་ཁུལ་གྱི་ APSU འམ་ཨ་རུ་ནཱ་ཅལ་མངའ་སྡེའི་སློབ་ཕྲུག་ཚོགས་པ་དང་རྟ་དབང་ཡོངས་ཀྱི་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག་མི་མང་བརྒྱ་ཕྲག་མང་པོས་རྒྱ་གར་གྱི་བརྒྱུད་ལམ་ཁག་གཅིག་གཙོས་རྒྱ་གར་གྱི་གཏམ་བརྗོད་སྒྱུ་རྩལ་བ་ཁག་གཅིག་གིས་༸གོང་ས་མཆོག་ལ་ངན་སེམས་ཀྱི་ཐོག་ནས་དྲིལ་བསྒྲགས་དང་མཚན་སྨད་ཞུ་བར་ངོ་རྒོལ་གནང་ཡོད།

དེ་བཞིན་རྒྱ་གར་རྒྱལ་ཡོངས་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་མི་ལྕམ་སྐུ་རིན་ཆེན་ལྷ་མོ་ལགས་ཀྱིས་༸གོང་ས་མཆོག་ནི་འགྲོ་བ་ས་ཡ་མང་པོའི་སྙིང་རྗེའི་བདག་ཉིད་དང་མགོན་པོ་༸གང་ཉིད་མཆོག་གི་དགོངས་གཞི་འགྲོ་བ་གཅིག་འགྱུར་གྱི་བརྡ་ལན་དེ་དུས་རྟག་དུ་སེམས་ཅན་ཡོངས་ལ་བྱིན་གྱིས་བརླབས་ངེས་ཡིན་པ་དང་།  གཞི་རྩ་གང་ཡང་མེད་པའི་སྙོན་འཛུགས་དེས་མགོན་པོ་༸གང་ཉིད་མཆོག་གི་རྗེས་འཇུག་པ་ས་ཡ་མང་པོར་ཕོག་ཐུག་ཆེན་པོ་བྱུང་ཡོད་པ་དང་། ལྷག་པར་མགོན་པོ་༸གང་ཉིད་མཆོག་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་དང་སྟོན་པ་སྐུ་དངོས་ལ་ངོས་འཛིན་ཞུ་མཁན་གྱི་ནང་པ་ཡོངས་ལ་དེ་བས་ཀྱང་ཕོག་ཐུག་ཆེན་པོ་བྱུང་ཡོད་ཅེས་གསུངས་འདུག

འབྲས་ལྗོངས་ཀྱི་སྤྱི་ཁྱབ་བློན་ཆེན་ Prem Singh Tamang-Golay མཆོག་གིས་བསྒྲགས་གཏམ་ཞིག་སྤེལ་བར་༸གོང་ས་མཆོག་ནི་གོ་ལ་ནང་བྱམས་བརྩེའི་བདག་ཉིད་དུ་གྱུར་བའི་མིའི་རང་གཟུགས་སུ་ཕེབས་པ་གང་ཞིག་སྐྱེ་འགྲོ་ཡོངས་ཀྱི་མིག་དཔེར་འོས་པའི་སྐྱེས་ཆེན་དམ་པ་ཞིག་ཡིན་པར་མ་ཟད། རྒྱ་གར་རྒྱལ་ཡོངས་ཀྱི་ངོམ་ཆོག་པའི་སྐྱེས་ཆེན་དམ་པ་ཞིག་དང་རྒྱ་གར་གནའ་བོའི་རིག་གནས་སམ་དཔལ་ནཱ་ལེནྡཱའི་རིག་གནས་སླར་གསོ་དང་མུན་པ་སེལ་མཁན་གྱི་བདག་ཉིད་ཆེན་པོ་ཞིག་ཡིན་སྟབས། གོ་ལའི་སྤུན་གྲོགས་ཡོངས་ནས་འདི་ལྟ་བུ་ངན་སྨད་ཀྱི་སྐྱོན་བརྗོད་སྤེལ་བའི་ལས་གཞི་ལས་རྒྱང་ཐག་རིང་བར་གནས་དགོས་པ་ལས་༸གོང་ས་མཆོག་ནི་འགྲོ་བ་ཡོངས་ཀྱི་དབུ་ཁྲིད་ཅིག་ཡིན་པར་སོམ་ཉི་གནང་དོན་མེད་ཅེས་གསུངས་འདུག

དེ་བཞིན་འབྲས་ལྗོངས་ཁུལ་གྱི་རྐང་སྤོལ་རྩེད་འགྲན་པ་གྲགས་ཅན་ Bhaichung Bhutia ལགས་ཀྱིས་ཀྱང་རང་ཉིད་༸གོང་ས་མཆོག་ལ་ཧ་ཅང་བརྩེ་ཞེན་ཡོད་མཁན་ཞིག་ཡིན་ཞེས་གསུངས་པ་དང་འབྲེལ། ༸གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་ཀུན་ལ་ངོ་རྒོལ་དང་རང་ཉིད་མགོན་པོ་༸གང་ཉིད་མཆོག་དང་ལྷན་དུ་ཡོད་ཅེས་སྤྱི་ཚོགས་དྲྭ་ལམ་ཐོག་བརྒྱུད་སྤེལ་གནང་འདུག

གཞན་ཡང་རྒྱ་གར་གྲོས་ཚོགས་འཐུས་མི་སྐུ་ཞབས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་ཀྱིས་རང་ཉིད་གཙོས་ལ་དྭགས་པ་ཡོངས་སྤོབས་པ་ཆེན་པོའི་སྒོ་ནས་༸གོང་ས་མཆོག་དང་ལྷན་དུ་ཡོད་ཅེས་གསུངས་པ་དང་ཆབས་ཅིག གཅོད་འབྲེག་བྱས་ཡོད་པའི་བརྙན་ཐུང་ཞིག་དྲ་ལམ་ཐོག་གང་སར་འགྲོ་བཞིན་ཡོད་ཐད་ནས་མགོན་པོ་༸གང་ཉིད་མཆོག་ལ་མཚན་སྨད་ཞུས་པ་དེས་༸གོང་ས་མཆོག་ནོར་འཁྲུལ་ཅན་ཞིག་ཆགས་ཀྱི་མེད་པ་དང་། ༸གོང་ས་མཆོག་ལ་མཚན་སྨད་ཞུས་པ་དེས་གོ་ལ་ཡོངས་གཉིད་ལས་སད་ནས་རླབས་ཆེན་གྱི་གཟི་བརྗིད་ཇེ་ཆེར་ཁྱབ་ངེས་ཡིན་སྟབས། རྒྱལ་སྤྱིའི་ཆབ་སྲིད་པ་དང་སྤྱི་ཚོགས་ཞབས་ཞུ་བ། མིག་ལྟོས་ཡར་འགྲན་བྱེད་མཁན་གྱི་མི་སྣ། དེ་བཞིན་མགོན་པོ་༸གང་ཉིད་མཆོག་ལ་དགའ་མོས་ཞུ་མཁན་ཡོངས་རྫོགས་ནུས་ཤུགས་རྡོག་རྩ་གཅིག་ཏུ་དྲིལ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་བཞེངས་དགོས་པར་གསུངས་འདུག

འབྲེལ་ཡོད་གསར་གནས།

Sunday 19/05/2024

Saturday 18/05/2024

Friday 17/05/2024

གསར་གནས།