Tibetan Royal Year of 2151 | Year of the Wood Dragon

ཧོང་ཀོང་གི་སྤྱི་དམངས་རླུང་འཕྲིན་ཁང་བཙན་གིས་སྒོ་བརྒྱབ་འདུག

Tibetan News Headlines

  • Gongma Rinpoche at 80: An in-depth interview with Sakya Gongma Trichen Rinpoche uncovering his life journey and biography

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • དམིགས་བསལ་ལས་རིམ། ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་༧སྐུ་ཚེའི་མཛད་རྣམ་སྙིང་བསྡུས།

ཧོང་ཀོང་ནང་ཕྱི་ལོ་ ༢༠༢༠ ཟླ་ ༦ ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་ཟེར་བ་ལག་བསྟར་བྱས་པ་ནས་བཟུང་ཧོང་ཀོང་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་ཡོད་པ་ལྟར་དེ་རིང་ཧོང་ཀོང་ནང་གི་ Citizens’ Radio ཞེས་པའི་རླུང་འཕྲིན་ཁང་བཙན་དབང་གིས་སྒོ་བརྒྱབ་དགོས་པ་ཆགས་འདུག

Reuters བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་བའི་ནང་། ཧོང་ཀོང་ནང་གི་ཆེས་ཉེན་ཁ་ཆེ་བའི་ཆབ་སྲིད་ཀྱི་ཁོར་ཡུག་ཁྲོད་དེ་རིང་ཧོང་ཀོང་ནང་གི་སྤྱི་དམངས་རླུང་འཕྲིན་ལས་ཁང་གི་ལས་དོན་ཡོངས་རྫོགས་མཚམས་འཇོག་གནང་དགོས་པ་བྱུང་ཡོད་པར་འགྲེལ་བརྗོད་དང་འབྲེལ། རྒྱ་ནག་གིས་ཧོང་ཀོང་ནང་དུ་བདེ་འཇགས་ཀྱི་ཁྲིམས་གཞི་ཟེར་བ་ལག་བསྟར་གྱིས་མི་མང་གི་ གཞི་རྩའི་རང་དབང་ལ་རྡོག་རོལ་གཏོང་བཞིན་པར་མ་ཟད། གསར་ཁང་ཁག་གི་རང་དབང་ལའང་དོ་ཕོག་ཆེན་པོ་གཏོང་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་འདུག

རླུང་འཕྲིན་ཁང་དེའི་བདག་པོ་དང་མང་གཙོ་དོན་གཉེར་བ་སྐུ་ཞབས་ Tsang Kin-shing ཡིས་རང་ཉིད་ཀྱི་སྤྱི་ཚོགས་དྲ་ལམ་ཐོག་རྒྱ་གཞུང་གིས་རྒྱལ་སྤྱིའི་ཁྲིམས་ཀྱི་འབྲུ་དོན་དང་འགྲོ་བ་མིའི་ཐོབ་ཐང་ལ་འཆར་གཞི་ལྡན་པའི་ངང་ནས་བརྩི་མེད་རྡོག་རོལ་གྱིས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་དང་གསར་འགོད་པ་རྣམས་གང་བྱུང་དོ་དམ་བཀག་ཉར་དང་། གསར་འགྱུར་བརྒྱུད་ལམ་གྱི་སྨྲ་བརྗོད་རང་དབང་ལ་བཏང་འཛིན་ནན་པོ་བྱེད་ཀྱི་ཡོད་པའི་གནས་ཚུལ་རྣམས་ལུང་འདྲེན་གྱིས་གནད་དོན་དེའི་དབང་གིས་རླུང་འཕྲིན་ཁང་གི་ལས་རིམ་ཁག་གི་ཐོག་གནད་ཡོད་མི་སྣ་མགྲོན་འབོད་གནང་རྒྱུར་དཀའ་ངལ་འཕྲད་ཀྱི་འདུག་ཅེས་དང་། ད་ལན་རླུང་འཕྲིན་ཁང་དེ་ཉིད་སྒོ་རྒྱག་དགོས་པའི་གནས་སྟངས་བྱུང་ཡོད་པར་ཐེར་འདོན་གནང་ཡོད།

སྐུ་ཞབས་ Tsang ལགས་ཀྱིས་རླུང་འཕྲིན་ཁང་བཙན་དབང་གི་ཐོག་ནས་སྒོ་བརྒྱབ་པ་དེ་ནི་ཆབ་སྲིད་ཀྱི་དྲག་གནོན་ཞིག་ཡིན་པ་དང་སྲིད་གཞུང་ནས་ཁྲིམས་གསར་པ་སྤྱོད་དེ་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་རྣམས་ལ་་དྲག་གནོན་བྱེད་ཀྱི་ཡོད་པར་ཆེས་མངོན་གསལ་གནང་སྟེ་ཧོང་ཀོང་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་མཚོན་ཐུབ་ཀྱི་ཡོད་པར་མ་ཟད། རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་ཟེར་བ་དེ་དོན་དངོས་ཐོག་འགྲོ་བ་མིའི་ཐོབ་ཐང་ལ་དམ་བསྒྲགས་སྔར་ལྷག་དང་མང་ཚོགས་ཀྱི་སྨྲ་བརྗོད་དང་འདུ་འཛོམས་རང་དབང་སོགས་ལ་དོ་ཕོག་ཆེས་ཆེར་བཏང་ཡོད་པ་གསུངས་འདུག

སྤྱིར་ Citizens’ Radio ཞེས་པའི་རླུང་འཕྲིན་ཁང་དེ་ཉིད་པྱི་ལོ་ ༢༠༠༥ ལོར་ཆེད་འཛུགས་ཀྱིས་ཡུལ་དེའི་ནང་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་ནས་རྒྱ་གཞུང་ལ་མངོན་གསལ་འཛེམས་མེད་ཀྱིས་སྐྱོན་བརྗོད་གནང་མཁན་གི་གསར་ཁང་ཞིག་ཡིན་པ་དང་། མང་གཙོ་བཅོས་སྒྱུར་དང་སྨྲ་བརྗོད་རང་དབང། དེ་བཞིན་ཁྲིམས་ཀྱི་དབང་བསྒྱུར་གོང་འཕེལ་ཐད་ལ་ཕྱག་ལས་རླབས་ཆེན་མང་དག་ཅིག་གནང་མྱོང་ཡོད་པ་རེད།

རྒྱལ་སྤྱིའི་དཔྱད་ཞིབ་པ་ཁག་ཅིག་གིས་ Citizens’ Radio ཞེས་པའི་རླུང་འཕྲིན་ཁང་དེ་སྲིད་གཞུང་གིས་གནོད་ཤུགས་འོག་སྒོ་བརྒྱབ་པའི་གནས་སྟངས་དེས་ཧོང་ཀོང་ནང་སྨྲ་བརྗོད་རང་དབང་དང་གསར་འགོད་པའི་རང་དབང་དེ་ཛ་དྲག་གི་རང་བཞིན་ཅན་དུ་གྱུར་ཡོད་ཅེས་འགྲེལ་བརྗོད་གནང་འདུག

ཧོང་ཀོང་སྲིད་གཞུང་གི་རྩ་ཁྲིམས་ནང་སྨྲ་བརྗོད་རང་དབང་དང་གསར་འགོད་པའི་རང་དབང་ལ་གུས་བརྩི་ཞུ་མཁན་གྱི་རྒྱལ་ཁབ་ཅིག་ཡིན་པར་བཤད་ཀྱང་། དོན་དངོས་ཐོག་གསར་འགོད་རང་དབང་ལ་དམ་བསྒྲགས་ཆེས་ཆེར་བྱས་དང་བྱེད་མུས་ཁྲོད། དེ་སྔོན་ Apple Daily གསར་ཁང་སྒོ་བརྒྱབ་པ་དང་གསར་ཁང་གི་བདག་པོ་ Jimmy Lai དང་ལྷན་ཕྱག་རོགས་བདུན་བཅས་འཛིན་བཟུང་བྱས་པའི་གནས་ཚུལ་བྱུང་ཡོད།

རྩ་བའི་ Reporters without Borders ཞེས་རྒྱལ་མཚམས་མེད་པའི་གསར་འགོད་པའི་ཚོགས་པས་ཕྱི་ལོ་ ༢༠༢༢༌༢༣ བར་གྱི་རྒྱལ་སྤྱིའི་གསར་འགོད་རང་དབང་གི་གནས་བབ་དང་འབྲེལ་བའི་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་བའི་ནང་ཧོང་ཀོང་ནི་འཛམ་གླིང་ནང་གི་གསར་འགོད་རང་དབང་གི་གནས་སྟངས་ཆེས་ཞན་ཤོས་ ༡༤༠ ཡིན་པར་མངོན་གསལ་གནང་ཡོདཔ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།