བོད་ཤར་ཕྱོགས་ཨ་མདོའི་བྲག་དཀར་རྫོང་དུ་ས་ཡོམ་རིམ་པ་གཉིས་བསྟུད་མར་བྱུང་བའི་རྗེས། ས་གནས་ཡུལ་མི་ ༣༥༠༠༠ ལྷག་ས་ཁུལ་གཞན་དུ་གནས་སྤོས་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

དེ་ཡང་ཕྱི་ལོ་ ༢༠༢༦ ཟླ་བ་ ༧ ཚེས་ ༢༨ རེས་གཟའ་མིག་དམར་ཉིན་བོད་ཤར་ཕྱོགས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བྲག་དཀར་རྫོང་དུ་སྔ་དྲོའི་ཆུ་ཚོད་ ༡༡:༡༦ དང་། ༡༡:༣༤ བཅས་སྐར་མ་ཉི་ཤུའི་ནང་ཚུད་ལ་ས་ཡོམ་འགུལ་ཚད་ ༥་༧ དང་། ༥་༨ ཅན་གཉིས་བྱུང་ནས་ཁང་པ་དང་། རྒྱ་ལམ་སོགས་རྡིབ་སྐྱོན་བྱུང་བར། ས་གནས་སྲིད་གཞུང་གིས་ཡུལ་མི་ ༣༥༠༠༠ ལྷག་ས་ཁུལ་གཞན་དུ་གནས་སྤོས་བྱས་ཡོད་པའི་སྐོར་རྒྱ་ནག་ཉིན་རེའི་གསར་འགྱུར་(China Daily)གྱིས་གནས་ཚུལ་སྤེལ་འདུག
སྤྱིར་བཏང་ས་ཡོམ་འགུལ་ཚད་ ༥་༧ ནི་འགུལ་ཚད་གང་འཚམ་མཐོ་པོ་ཡིན་ནའང་། དེའི་ཁྲོད་མི་ཤི་རྐྱེན་འདས་བྱུང་བའི་གནས་ཚུལ་ཐོན་མི་འདུག བྲག་དཀར་རྫོང་དུ་ས་འགུལ་གྱི་གནས་ཚུལ་བྱུང་བའི་རྗེས་སུ། ས་གནས་སྲིད་གཞུང་གིས་གོད་ཆགས་ངལ་སེལ་ཆེད་མི་གྲངས་ ༧༠༠ ལྷག་ས་གནས་སུ་བཏང་ཡོད་པ་དང་། རེས་གཟའ་ལྷག་པ་བར་དུ་ས་གནས་ཡུལ་མི་ ༣༥༠༠༠ ལྷག་འཕྲལ་སེལ་གྱི་ཁང་པ་དང་། གུར་ལ་གནས་སྤོས་བྱས་ཟིན་ཡོད་སྐོར་བརྗོད་འདུག
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཉམས་ཞིབ་པ་དོན་གྲུབ་དབང་མོ་ལགས་ཀྱིས། ཚན་རིག་གི་ཞིབ་འཇུག་ཁག་ཅིག་ཏུ་ཚད་ལས་བརྒལ་བའི་འཛུགས་སྐྲུན་ལས་གཞིའི་ཆེད་རང་བྱུང་ཁོར་ཡུག་གཏོར་སྐྱོན་བཏང་བ་དེ་ཡང་ས་ཡོམ་ལྟ་བུའི་རང་བྱུང་གོད་ཆགས་ཀྱི་རྒྱུ་རྐྱེན་དུ་འགྱུར་གྱི་ཡོད་ཚུལ་གསལ་བས། བོད་མཐོ་སྒང་དུ་རྒྱ་ནག་གཞུང་གིས་འཛུགས་སྐྲུན་ལས་གཞི་ཆེན་པོ་མང་དག་ཅིག་སྤེལ་བཞིན་ཡོད་དུས། བོད་ཀྱི་ཁོར་ཡུག་གཏོར་སྐྱོན་དང་ས་ཡོམ་བར་འབྲེལ་བ་ཡོད་སྲིད་པ་ཡིན་ཞེས་འགྲེལ་བརྗོད་གནང་གི་འདུག
སྔོན་འགྲོའི་ཞིབ་འཇུག་ལ་གཞིགས་ན། ས་འགུལ་གྱི་ལྟེ་གནས་དེ་རྩ་ཐང་དུ་ཆགས་པའི་གྲོང་ཚོ་གཉིས་ཡིན་པར་ཤེས་རྟོགས་བྱུང་འདུག
ས་ཡོམ་དེ་དག་ལ་བརྟེན་ནས་ས་དང་བྲག་རྡོའི་ཚགས་ལྷོད་དུ་ཕྱིན་ཡོད་སྟབས། ཆར་ཞོད་ཀྱིས་རྐྱེན་པས་ས་རུད་སོགས་ཀྱི་རང་བྱུང་གོད་ཆགས་ཕར་མ་ཡོང་སྲིད་པའི་ཉེན་ཁ་ཡོད་སྐོར་ས་གནས་སྲིད་གཞུང་གིས་བསྒྲགས་འདུག
གཞི་རྩའི་ཧི་མ་ཡ་ལའི་ས་ཁུལ་ཚུད་པའི་བོད་མཐོ་སྒང་དེ་བཞིན་ས་ཡོམ་བྱུང་སླ་བའི་ས་ཚིགས་སུ་ཁེལ་ཡོད་པ་དང་། འདས་པའི་དུས་སུ་ས་ཁུལ་དེ་དག་ཏུ་ས་ཡོམ་འགུལ་ཚད་ཆེ་ཆུང་མི་འདྲ་བ་མང་པོ་བརྒྱབ་སྟེ། མི་རྒྱུ་ཟོག་གསུམ་ལ་གནོད་སྐྱོན་བཏང་བའི་གནས་ཚུལ་བྱུང་ཡོད་པ་མ་ཟད། ད་ལྟའི་དུས་སྐབས་སུའང་བོད་དང་ཧི་མ་ལ་ཡའི་ས་ཁུལ་མང་པོར་ས་ཡོམ་ཆེ་ཆུང་མི་འདྲ་བ་མང་པོ་རྒྱག་གི་ཡོད་པ་རེད།




