ནིའུ་ཡོག་ནིའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ངོས་ནས་ཚེས་བཅུ་ལས་འགུལ་ཞེས་ཟླ་བ་འཆར་ཅན་ཕྱི་ཚེས་ ༡༠ ཉིན་བོད་དོན་དྲིལ་བསྒྲགས་སམ་བོད་དོན་འཐབ་རྩོད་ཆེད་ལས་འགུལ་སྤེལ་མུས་ཡིན་པ་ལྟར། འདི་ཚེས་ ༡༠ ཉིན་ནིའུ་ཡོག་གྲོང་ཁྱེར་དུ་ Run For Tibet ཞེས་བོད་དོན་རྒྱུག་ཤར་དང་། རྒྱ་གུང་ཁྲན་ཏང་རྩ་མེད་བཟོ་རྒྱུའི་རྒྱུག་ཤར་ཞེས་པའི་ལས་འགུལ་ཞིག་སྤེལ་འདུག

དེ་ཡང་ལས་འགུལ་དེ་ཉིད་ནིའུ་ཡོག་གྲོང་ཁྱེར་ Jackson Heights ཁུལ་དུ་རྟེན་གཞི་བྱས་པའི་ Diversity Plaza ཞེས་པའི་ས་ཚིགས་ནས་འགོ་འཛུགས་ཀྱིས་ཁུལ་དེར་རྟེན་གཞི་བྱས་པའི་རྒྱལ་ཚོགས་ཀྱི་མདུན་ཐང་བར་སྤེལ་འདུག་པ་དང་། སྐབས་དེར་ས་གནས་དེ་གའི་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ་གཙོས་ཁྱོན་མི་གྲངས་ ༤༠ ལྷག་གི་མཉམ་ཞུགས་གནང་འདུག
འདི་གའི་གསར་འགོད་པས་གནད་དོན་དེ་དང་འབྲེལ། ནིའུ་ཡོག་ནིའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བློ་བཟང་ཚེ་རིང་ལགས་སུ་བཀའ་འདྲི་ཞུ་སྐབས་ཁོང་གིས། རྩ་བའི་ལས་འགུལ་དེ་བཞིན་བོད་དོན་དྲིལ་བསྒྲགས་དང་། ཡང་སྒོས་སུ་རྒྱ་ནག་དམར་པོའི་གཞུང་ནི་བོད་མིའི་དཀའ་ངལ་ཁོ་ན་མ་ཡིན་པར་གོ་ལ་སྤྱི་ཡོངས་ཀྱི་བདེ་འཇགས་དང་ཞི་བདེ་ལ་ཉེན་ཁ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པ་ངོས་འཛིན་ཐོག མཐུན་ཕྱོགས་རྒྱལ་ཁབ་ཡོངས་ཀྱིས་རྒྱ་གུང་ཁྲན་ཏང་རྩ་མེད་བཟོ་ཆེད་ནུས་པ་མཉམ་སྤུངས་སྒོ་ནས་ལས་འགུལ་སྤེལ་དགོས་ཀྱི་ཡོད་པའི་དམིགས་འབེན་བཟུང་བའི་ལས་འགུལ་ཞིག་ཡིན་པ་འགྲེལ་བརྗོད་གནང་གི་འདུག

དེ་ཉིན་སྔ་དྲོའི་ཕྱག་ཚོད་ ༨།༣༠ ཙམ་ནས་ལས་འགུལ་དེ་བཞིན་འགོ་འཛུགས་ཞུས་འདུག་པ་དང་། ཉིན་རྒྱབ་ཕྱག་ཚོད་ ༢།༠༠ ཙམ་ལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་འབྱོར་བ་དང་འབྲེལ། བོད་དོན་དྲིལ་བསྒྲགས་ཆེད་ཡིག་ཆ་འགྲེམས་སྤེལ་དང་། ངོ་རྒོལ་སྐད་འབོད་སོགས་གནང་ཡོད་པ་རེད།
རྩ་བའི་ཚེས་བཅུ་ལས་འགུལ་དེ་བཞིན་ཐེངས་ ༡༢ པ་དེ་ཡིན་འདུག་པ་དང་། ཚེས་བཅུ་ལས་འགུལ་ཞེས་པ་དེ་ནི་ནིའུ་ཡོག་ནིའུ་ཇར་སི་སྐབས་ ༡༨ པའི་ས་གནས་རྒྱུན་ལས་རྣམ་པ་ཚོས་གོ་བསྡུར་གནང་བའི་བརྒྱུད། སུམ་བཅུའི་དུས་དྲན་ཁོ་ནར་མིན་པར་ཟླ་བ་འཆར་ཅན་བོད་དོན་འཐབ་རྩོད་ཐོག་བསམ་རྒྱུ་གལ་ཆེན་ཡིན་པ་ངོས་འཛིན་གནང་ཐོག་གཏན་འབེབས་ཞུས་པའི་དམིགས་བསལ་ལས་འགུལ་ཞིག་ཡིན་འདུག་པ་དང་། ད་བར་ཁུལ་དེར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་དང་། རྒྱལ་ཚོགས་ཀྱི་མདུན་ཐང་དུ་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་མང་དག་སྤེལ་དང་སྤེལ་མུས་ཡིན་པ་རེད་འདུག





