རྒྱ་ནག་གིས་ཐའེ་ཝན་ལ་དམག་གི་གནོན་ཤུགས་སྤྲོད་མུས་ཡིན་པའི་ཁྲོད་འདིར། དེ་རིང་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Roger Wicker མཆོག་དང་སྐུ་ཞབས་ Deb Fischer གཉིས་ཐའེ་ཝན་དུ་ཕྱོགས་བསྐྱོད་གནང་བ་དང་འབྲེལ། ཐའེ་ཝན་གྱི་བདེ་འཇགས་ཀྱི་ཐོག་གྲོས་མོལ་གནང་ཡོད་འདུག

དེ་ཡང་དེ་རིང་ Reuters གསར་ཁང་གིས་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་གྲོས་ཚོགས་གོང་མའི་དམག་དོན་ལྷན་ཁང་ Armed Services Committee གི་ཚོགས་གཙོ་སྐུ་ཞབས་ Roger Wicker མཆོག་དང་གྲོས་ཚོགས་གོང་མིའི་དམག་དོན་ལྷན་ཁང་གི་ཚོགས་མི་སྐུ་ཞབས་ Deb Fischer མཆོག་གཉིས་ཐའེ་ཝན་གྱི་རྒྱལ་ས་ Taipei རུ་ཆེད་ཕེབས་གནང་ཡོད་པ་དང་འབྲེལ། གཙོ་བོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གོང་འཕེལ་གཏོང་རྒྱུ་སྐོར་ཡིན་པ་གསུངས་འདུག
མ་ཟད་གྲོས་ཚོགས་འཐུས་མི་སྐུ་ཞབས་ Wicker མཆོག་གིས་དེ་རིང་གྲོས་ཚོགས་འཐུས་མི་ང་གཉིས་བཅར་དགོས་དོན་ནི་ཨ་རིའི་མཐུན་གྲོགས་ཐའེ་ཝན་དང་ལྷན་དུ་འཛམ་གླིང་ཁྱོན་ཡོངས་ལ་ཞི་བདེ་སྐྲུན་ཐབས་ཀྱི་ཐད་ལ་ཡིན་པ་དང་འབྲེལ། དེ་སྔ་ཨ་རིའི་སྲིད་འཛིན་ Ronald Reagan མཆོག་གིས་སྟོབས་ཤུགས་ཀྱི་བརྒྱུད་ནས་འཛམ་གླིང་ནང་ཞི་བདེ་སྐྲུན་ཐབས་སྐོར་དང་འབྲེལ་བ་ཡོད་པ་ཞིག་རེད་ཅེས་གསུངས་འདུག་པ་མ་ཟད། ང་ཚོ་འདིར་མཉམ་རུབ་ཀྱིས་ཨ་རི་དང་ཐའེ་ཝན་བར་ལོ་མང་རིང་མཐུན་འབྲེལ་དང་བདེ་འཇགས་ཀྱི་ཐོག་ལ་འབྲེལ་བ་བཟང་པོ་ཡོད་པ་དེར་བསྐྱར་དུ་ནན་བརྗོད་བྱེད་ཀྱི་ཡོད་ཅེས་གསུངས་འདུག

ཕྱོགས་མཚུངས་གྲོས་ཚོགས་འཐུས་མི་སྐུ་ཞབས་ Wicker མཆོག་གིས་ང་ཚོས་མཉམ་རུབ་ཀྱི་ཐོག་ནས་རང་དབང་ལྡན་པའི་ཐའེ་ཝན་གྱི་མི་མང་དང་ལྷན་དུ་ཁོང་ཚོའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་གོང་མཐོར་གཏོང་རྒྱུ་ཐད་འབད་བརྩོན་བྱེད་ཐུབ་པ་བྱུང་བ་དེར་དགའ་ཚོར་བྱུང་ཞེས་གསུངས་འདུག
རྩ་བའི་གཟའ་འཁོར་རྗེས་མར་ཨ་རིའི་གྲོས་ཚོགས་གོང་མའི་ནང་ National Defense Authorization act, NDAA ཞེས་རྒྱལ་སྲུང་དབང་ཚད་ཀྱི་ཁྲིམས་འཆར་ཐོག་ཨ་སྒོར་ཐེར་འབུམ་ ༡༠༠༠ ཙམ་གྱི་འགྲོ་གྲོན་འཆར་གཞི་དེར་གྲོས་བསྡུར་གནང་རྒྱུ་ཡིན་འདུག་པ་དང་། སྐབས་དེར་ཨ་རིའི་རྒྱལ་སྲུང་ལས་ཁུངས་ཀྱི་སྲིད་བྱུས་གཏན་འབེབས་བྱེད་ཀྱི་ཡོད་པ་དང་འབྲེལ། གྲོས་ཚོགས་འཐུས་མི་སྐུ་ཞབས་ Wicker མཆོག་གིས་འདི་ལོའི་ཁྲིམས་འཆར་གྱིས་ཐའེ་ཝན་ཐད་ལ་བསྐྱར་དུ་དོན་ཚན་ཁ་སྣོན་བྱེད་ཀྱི་རེད་ཅེས་གསུངས་ཡོད་འདུག
གཞི་རྩའི་དེ་རིང་གྲོས་ཚོགས་འཐུས་མི་གཉིས་དང་ཐའེ་ཝན་སྲིད་འཛིན་དབར་མཇལ་འཕྲད་གནང་རྒྱུ་རཡིན་པ་དང་འབྲེལ། གནད་དོན་དེ་འབྲེལ་ཟླ་བ་སྔོན་མའི་ནང་ཨ་རི་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་གྲོས་ཚོགས་འཐུས་མི་སྐུ་ཞབས་ Wicker མཆོག་དང་དེ་བཞིན་གྲོས་ཚོགས་འཐུས་མི་གཞན་ཁག་ཅིག་ལ་ཐའེ་ཝན་དུ་བསྐྱོད་རྒྱུ་འཆར་གཞི་དེ་མེད་པར་བཟོ་དགོས་པའི་སྐུལ་འདེད་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།



